སློབ་ཆུང་སློབ་མའི་རིག་སྟོབས་གསར་སྤེལ་ལ་རོལ་དབྱངས་ལུས་རྩལ་མཛེས་རྩལ་གསུམ་སློབ་ཁྲིད་ཀྱི་རིན་ཐང་མདོར་ཙམ་གླེང་བ།
དེང་རབས་སེམས་ཁམས་རིག་པ་དང་། དབང་རྩའི་ཚན་རིག་སློབ་གསོ་རིག་པ་བཅས་ཀྱི་ཞིབ་འཇུག་པ་མང་པོས་མིའི་རིགས་ཀྱི་རིག་སྟོབས་ནི་སྣ་མང་ཡིན་པ་དང་། རིག་སྟོབས་འཕེལ་རྒྱས་གཏོང་རྒྱུ་དེ་ཚོར་སྣང་སྐྱེན་པོ་དང་ལུས་པོའི་ཉམས་ལེན་ལ་བརྟེན་དགོས་པ་རྩོད་ཐབས་བྲལ་བའི་སྒོ་ནས་ར་སྤྲོད་བྱས་ཡོད། སློབ་ཆུང་སློབ་མ་ནི་བློ་རིག་འཕེལ་བའི་འགག་རྩའི་དུས་སུ་སླེབས་ཡོད་པས། ཁོ་ཚོའི་ཤེས་པ་དང་། བརྩེ་དུང་སོགས་ཚང་མ་འཕེལ་རྒྱས་འགྲོ་བཞིན་པའི་སྒང་ཡིན། རོལ་དབྱངས་དང་ལུས་རྩལ། མཛེས་རྩལ་གསུམ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་བློ་འགུགས་ཀྱི་ནུས་པ་དེ་བྱིས་པས་འཇིག་རྟེན་ཤེས་རྟོགས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། དེས་ན། འདིར་སློབ་མར་རོལ་དབྱངས་དང་ལུས་རྩལ། མཛེས་རྩལ་གསུམ་སློབ་ཁྲིད་བྱེད་པའི་རིན་ཐང་མདོར་ཙམ་གླེང་བར་བྱ་སྟེ།
དང་པོ། དབྱངས་རྟའི་ཁྲོད་ཀྱི་ཀླད་པའི་སྦྱོང་བརྡར།
རོལ་དབྱངས་ནི་ཐོས་ཚོར་གྱི་ལོངས་སྤྱོད་ཙམ་མ་ཡིན་པར་དེ་ནི་རྙོག་འཛིང་ཆེ་བའི་ཤེས་རྟོགས་བྱེད་སྒོ་ཞིག་ཡིན་པས། ཕྱོགས་ཡོངས་ནས་བྱིས་པའི་ཀླད་པར་ཚོར་བ་སྦྱིན་པ་དང་མཚར་སྣང་སྐྱེ་བ། གསར་གཏོད་ཀྱི་འདུ་ཤེས་རྙེད་པ་བཅས་བྱེད་ཐུབ། དེ་ཡང་། གླུ་དབྱངས་སྦྱོང་བརྡར་གྱིས་ཀླད་པའི་དབང་རྩར་ཚོར་སྣང་སྟེར་བར་བྱེད་དེ། བྱིས་པ་རོལ་ཆས་སྦྱོང་བའི་སྐབས་སུ། མཐོང་ཚོར་(དབྱངས་ཡིག་ཀློག་པ)དང་། ཐོས་ཚོར(སྒྲ) རེག་ཚོར(རོལ་ཆ་བཀོལ་སྤྱོད) འགུལ་ཚོར(མཛུབ་མོ་དང་དབུགས་འབྱིན་རྔུབ་གཞོགས་འདེགས)བཅས་དུས་མཉམ་དུ་བསྐུལ་ཞིང་། དྲག་ཚད་མཐོ་བའི་མཉམ་སྒྲུབ་བྱ་བ་འདིའི་རིགས་ཀྱིས་ཀླད་པའི་སྦྲེལ་མཐུད་རང་བཞིན་ལ་ཤུགས་སྣོན་ཆེན་པོ་ཐེབས་པ་དང་། ཀླད་པའི་གཡས་གཡོན་གྱི་ཆ་འཕྲིན་བརྗེ་རེས་དང་མཉམ་སྒྲུབ་བྱ་བར་སྐུལ་འདེད་བྱེད། དཔེར་ན། རྣོ་སྦྲེང་དཀྲོལ་བའི་སྐབས་སུ་ལག་པ་གཡས་པས་རྒྱུན་དུ་བརྗོད་བྱ་གཙོ་བོ་འགན་འཁུར་བ་དང་། ལག་པ་གཡོན་མས་སྒྲ་དང་དབྱངས་འགྲོས་ལ་འགན་འཁུར་གྱི་ཡོད། སྦྱོང་བརྡར་འདི་རིགས་ནི་མ་གཞི་ནས་ཀླད་པ་ཡོངས་ཀྱི་ཆེས་ལེགས་པའི་གསར་སྤེལ་ཡིན། དབང་རྩའི་ཚན་རིག་ཞིབ་འཇུག་ལས་གསལ་བ་ལྟར་ན། སྔ་དུས་རོལ་དབྱངས་སྦྱོང་བརྡར་དང་ལེན་བྱེད་པའི་བྱིས་པ་དེའི་ཐོས་ཚོར་སྐྱི་རིམ་དང་། འགུལ་སྐྱོད་སྐྱི་རིམ། ཐ་ན་སྔོན་གྱི་དཔྲལ་ལོ(མཐོ་རིམ་ཤེས་རྟོགས་བྱེད་ནུས་ལ་འགན་འཁུར་བ་)འཚར་ལོངས་ཇེ་ལེགས་ཡོང་བར་ནུས་པ་ཆེ་བར་བཤད།
རོལ་དབྱངས་ལ་རོལ་མྱོང་དང་མཚོན་སྟངས་མི་འདྲ་བ་བརྒྱུད་ནས་བྱིས་པས་རང་ཉིད་ཀྱི་སེམས་ཁམས་ངོས་འཛིན་དང་རྒྱུས་ལོན། དོ་དམ་བཅས་བྱེད་པར་སློབ་སྦྱོང་བྱེད་ཐུབ། མཉམ་ལེན་དང་མཉམ་དཀྲོལ་སོགས་ཐུན་མོང་གི་རོལ་དབྱངས་བྱེད་སྒོར་ཞུགས་པར་ཚད་མཐོའི་བློ་རྩེ་གཅིག་སྒྲིམ་དང་མཉམ་ལས་བྱ་དགོས་པའི་བླང་བྱ་བཏོན་པ་ནི་སྤྱི་ཚོགས་རང་བཞིན་གྱི་རིག་སྟོབས་གསོ་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཡིན།
གཉིས་པ། གཟུགས་སྟོབས་དང་ལུས་སྟོབས་ཀྱི་འབྲེལ་ལམ།
ལུས་རྩལ་བྱ་འགུལ་གྱིས་ཀླད་པའི་རང་བཞིན་གྱི་དབང་རྩའི་འཚོ་བཅུད་རྒྱུ་རྐྱེན་(BDNF)ཐོན་པར་སྐུལ་འདེད་བྱེད་ཐུབ། BDNFལ་ཚན་རིག་པས་ཀླད་ཆེན་གྱི་ལུད་རྫས་ཞེས་འབོད་པ་དང་། དེར་ཐད་ཀར་དབང་རྩའི་ཕྲ་ཕུང་གི་སྐྱེ་འཚར་དང་གསོག་འཇོག་གི་ནུས་པ་ལྡན་ལ་ལུས་རྩལ་ལས་བདེ་ཐང་གི་བདེ་སྐྱིད་འཚོ་བའི་ཁ་དོག་མངོན་པས་མི་ཚད། བྱ་དངོས་གང་རུང་ལ་འཛིན་པའི་དྲན་ཤེས་དང་ཤེས་རྟོགས་ཀྱི་བབ་བསྟུན་རང་བཞིན། རང་ཉིད་ཚོད་འཛིན་བཅས་ནི་སློབ་སྦྱོང་དང་མི་ཚེའི་རིན་ཐང་མངོན་པའི་འགག་རྩའི་སྔོན་དཔག་རྐྱེན་རྩ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། སྤོ་ལོའི་རིགས་ཀྱི་འགུལ་སྐྱོད་ཁྲོད། བྱིས་པས་འཐབ་རྩལ་བློ་ལ་འཛིན་དགོས། འགྲན་ཡའི་འགུལ་སྐྱོད་ལ་གཞིགས་ནས་གློ་བུར་དུ་ཐབས་ཇུས་སྙོམས་སྒྲིག་བྱེད་དགོས་ཤིང་། ཧོལ་རྒྱུག་ལ་ཚོད་འཛིན་དང་། ཆེས་བཟང་བའི་གོ་སྐབས་བདམས་ནས་སྤོ་ལོ་བརྒྱུད་སྤྲོད་དང་ནང་དུ་འཕེན་པ། མགྱོགས་མྱུར་འགུལ་སྐྱོད་ཁྲོད་ཐག་གཅོད་བྱེད་པ་བཅས་ལས་རིག་སྟོབས་དང་ཚོད་འཛིན་གྱི་ནུས་པ་འཕེལ་བར་ཤིན་ཏུ་ཕན་པ་ཡིན། ལུས་རྩལ་གྱིས་བར་མཐོངས་རིག་སྟོབས་དང་ཉེན་ཁ་སྔོན་དཔག་བྱེད་པའི་ནུས་པ་ཡང་གསོ་སྐྱོང་བྱེད་ཐུབ་སྟེ། རྒྱང་མཆོང་ཁྲོད་གོམ་སྟབས་ཚོད་རྩིས་དང་། ལུས་སྦྱོང་ཁྲོད་ལུས་པོའི་བར་མཐོངས་ཀྱི་གནས་ཡུལ་ཤེས་ཚོར་བྱེད་པ། རོལ་རྩེད་ཁྲོད་འཕུར་ཡོང་བའི་སྤོ་ལོའི་མྱུར་ཚད་དང་ལྷུང་གནས་སྔོན་དཔག་བྱེད་པ་བཅས་ལས་བྱིས་པའི་བར་མཐོངས་ཤེས་ཚོར་དང་མཐོང་ཚོར་འགུལ་སྐྱོད་མཐུན་སྦྱོར་ནུས་པ་སྦྱོང་བརྡར་བྱེད་བཞིན་ཡོད།
གསུམ་པ། མཐའ་ཡས་པའི་མཐོང་ཚོར་གྱི་བསམ་གཞིག
མཛེས་རྩལ་སློབ་གསོས་བྱིས་པའི་ནང་གནས་དང་མཐོང་མི་ཐུབ་པའི་བསམ་གཞིགས་ཀྱི་བརྒྱུད་རིམ་དེ་པིར་སྨྱུག་དང་ཚོན་མདོག་བཟོ་དབྱིབས་བཅས་ལ་བརྟེན་ནས་ཕྱི་རོལ་དང་མཐོང་ཐུབ་པའི་པར་རིས་སུ་བསྒྱུར་བ་དེ་ནི་ཧ་ཅང་རྙོག་འཛིང་ཆེ་བའི་རིག་སྟོབས་བཀོལ་སྤྱོད་ཀྱི་བརྒྱུད་རིམ་ཞིག་རེད།
མཛེས་རྩལ་སློབ་གསོས་ལྟ་ཞིབ་ནུས་པར་སྦྱོང་བརྡར་ཆེན་པོ་བྱེད་ཐུབ་ཅིང་། རི་མོ་འབྲི་བ་ནི་ལྟ་ཞིབ་ལས་མགོ་རྩོམ་དགོས་ཤིང་། དེ་ལ། མཛེས་རྩལ་སློབ་གསོའི་མ་ལག་གིས་བར་མཐོངས་བསམ་བློ་དང་སྣང་བརྙན་བསམ་བློའི་ནུས་པ་འཕེལ་རྒྱས་སུ་གཏོང་ཞིང་། དཀྱུས་ཞེང་གཉིས་ཀྱི་ངོས་སུ་དཀྱུས་ཞེང་དཔངས་གསུམ་གྱི་བར་མཐོངས་མཚོན་པར་བྱེད་པར་གསལ་མཐོང་དང་། བསྡུར་ཚད། སྒྲིབ་པ་སོགས་ཀྱི་འབྲེལ་བར་གོ་བ་ལེན་དགོས་པ་དང་། ལག་ཤེས་བཟོ་སྐྲུན་ནམ་འཇིམ་བརྐོས་བྱེད་པར་ཀླད་པའི་ནང་འཁོར་སྐྱོད་དང་། བཤིག་པ། སྡེབ་སྒྲིག་བཅས་བྱེད་པའི་དངོས་གཟུགས་དགོས། ནུས་པ་འདི་དག་ཐད་ཀར་དབྱིབས་རྩིས་རིག་པ་དང་། བཟོ་སྐྲུན་རིག་པ། འཛུགས་སྐྲུན་རིག་པ་སོགས་ཁྱབ་ཁོངས་ཀྱི་སློབ་སྦྱོང་དང་འབྲེལ་བ་ཡོད། སྤྱི་མཚན་དུ་གྱུར་པའི་སློབ་ཚན་གྱི་ནང་དོན་དག་རི་མོའི་བརྩམས་ཆོས་ཤིག་བརྒྱུད་ནས་མངོན་པ་དང་། དེ་བས་ཀྱང་སྤྱི་མཚན་དུ་གྱུར་པའི་གཏན་ཚིགས་དེ་བྱེ་བྲག་གི་སྣང་བརྙན་དུ་བསྒྱུར་བའི་མཐོ་རིམ་བསམ་གཞིག་གི་སྦྱོང་བརྡར་ཞིག་རེད།
བཞི་པ། རིག་ཚན་མཉམ་འདུས་ལས་མངོན་པའི་ཤེས་རབ།
རོལ་དབྱངས་དང་ལུས་རྩལ། མཛེས་རྩལ་གསུམ་པོའི་རིག་སྟོབས་གསར་སྤེལ་གྱི་རིན་ཐང་ཁེར་རྐྱང་དུ་གནས་པ་མ་ཡིན་པར་ཕན་ཚུན་སྐུལ་འདེད་དང་མཉམ་སྒྲུབ་ཀྱི་ནུས་པ་ཐོན་གྱི་ཡོད། རོལ་དབྱངས་ཁྲོད་ཀྱི་དབྱངས་འགྲོས་ཀྱིས་ལུས་རྩལ་བྱ་འགུལ་གྱི་མཐུན་སྦྱོར་རང་བཞིན་མཐོར་འདེགས་ཐུབ་པ་དང་། ལུས་རྩལ་འཕེལ་རྒྱས་ཁྲོད་ཅུང་ལེགས་པའི་ལུས་པོའི་ཚོད་འཛིན་དང་བར་མཐོངས་ཤེས་ཚོར་གྱིས་མཛེས་རྩལ་གསར་རྩོམ་ཁྲོད་གཟུགས་དབྱིབས་ཀྱི་བསྡུར་ཚད་ཁོང་དུ་ཆུད་པར་ཤིན་ཏུ་ཕན། མཛེས་རྩལ་སྦྱོང་བརྡར་གྱིས་མཐོང་ཚོར་ལྟ་ཞིབ་ནུས་པ་ཇེ་དྲག་ཏུ་བཏང་བ་དང་། རོལ་དབྱངས་སློབ་སྦྱོང་ཁྲོད་དབྱངས་རྟགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་ཚོར་སྐྱེན་པོས་འཛིན་པར་སྐུལ་འདེད་གཏོང་ཐུབ།
མདོར་ན། རོལ་དབྱངས་དང་ལུས་རྩལ། མཛེས་རྩལ་གསུམ་གྱི་སློབ་གསོར་མཐོང་ཆེན་གྱིས་སློབ་གསོ་སློབ་ཁྲིད་བྱེད་དགོས་པར་འདོད་དེ། གོང་དུ་བཤད་པ་ལྟར། རོལ་དབྱངས་དང་ལུས་རྩལ། མཛེས་རྩལ་གསུམ་གྱི་སློབ་གསོ་ནི་སློབ་ཆུང་དུས་རིམ་གྱི་རིག་སྟོབས་གསར་སྤེལ་ཁྲོད་མེད་དུ་མི་རུང་བའི་རིག་ཚན་ཤ་སྟག་ཡིན། དེ་དག་གིས་རང་རང་གི་ཐུན་མོང་མ་ཡིན་པའི་ནུས་པར་བརྟེན་ནས་ཐོས་ཚོར་དང་། འགུལ་ཚོར། མཐོང་ཚོར་སོགས་ཀྱི་ལམ་ནས་ཁག་སོ་སོར་ཀླད་ཆེན་གྱི་བྱེད་ལས་ཁུལ་མི་འདྲ་བ་འཚར་ལོངས་ཡོང་བར་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་སྲ་ཞིང་བརྟན་ལ་སྣ་མང་ཕུན་སུམ་ཚོགས་པའི་རིག་སྟོབས་ཀྱི་རྨང་གཞི་ཞིག་འདིང་བ་ཡིན། རོལ་དབྱངས་དང་ལུས་རྩལ། མཛེས་རྩལ་གསུམ་གྱི་སློབ་གསོ་སྣང་མེད་དུ་བཞག་ན་བྱིས་པའི་མི་མངོན་པའི་ནུས་པ་ཆེན་པོ་གསར་སྤེལ་བྱེད་པའི་ཐབས་ལམ་གལ་ཆེན་དོར་བ་དང་ཁྱད་པར་མེད་པའོ།
(བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་དྲུང་ཤང་ལྟེ་བའི་སློབ་ཆུང་། བློ་བཟང་དཔལ་འབྱོར)
འབྲེལ་ཡོད་གསར་འགྱུར།