ཚན་ཞིབ་བདེན་པས་ཡང་རྩེ་བསྐྱངས། ཚན་རྩལ་ནུས་པས་ས་གཙང་སྲུང་།
—— མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པའི་སྒྲིལ་གླེང་།
ལོ་མང་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཚན་རྩལ་འདེགས་སྐྱོར་ནུས་པ་བཏོན་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཁ་ཕྱོགས་གསལ་སྟོན་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་འགོ་བཙུགས་ཚུན། ཚན་རིག་རྟོག་ཞིབ་རུ་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་དཀའ་བ་དུ་མ་ཁྱད་དུ་བསད་ནས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཁུལ་ཆེན་པོ་ལྔའི་འགག་རྩའི་ཁུལ་19ཡི་ས་ཁོངས་ཧྲིལ་པོར་ཚན་རིག་རྟོག་ཞིབ་བྱས་ཏེ། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་གི་འགྱུར་ལྡོག་དང་ཤུགས་རྐྱེན་དང་། ཐཱན་འདུས་ནུས་པ་དང་མི་མངོན་པའི་སྟོབས་ཤུགས། སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་འགྱུར་ལྡོག མིའི་རིགས་ས་མཐོར་འཕྲོད་པ་དང་ལྗང་མདོག་འཕེལ་རྒྱས། ས་མཐོའི་འབུར་ཐོན་ཕན་འབྲས་སོགས་ཀྱི་འཛམ་གླིང་རིམ་པའི་གསར་གཏོད་གྲུབ་འབྲས་ཐོབ་པ་རེད།
ཁྲིམས་འཛུགས་རྨང་གཞིར་བྱས་ནས་ཚན་རིག་དང་མཐུན་པའི་སྐྱེ་ཁམས་སྲུང་སྐྱོང་གི་མཐའ་ཚད་གཞི་རྩར་འཛིན་པ།
མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་གལ་ཆེན་ཞིག་ཡིན་པ་དང་། ཁྲིམས་འཛུགས་ནི་རྨང་གཞི་དང་ཚན་རིག་ནི་སྙིང་དོན་རེད།
མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་རུ་ཁག་གི་རུ་དཔོན་ཡོན་ཧྲི་ཡའོ་ཐན་ཏུང་གིས“ཁྲིམས་འཛུགས་འགོ་ཚུགས་པ་ནས་ལག་བསྟར་བྱེད་པའི་བར་ཚན་རིག་རྟོག་ཞིབ་གྲུབ་འབྲས་ནི་ཐོག་མཐའ་བར་གསུམ་དུ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་ཚན་རིག་གདེང་ཚོད”རེད་ཅེས་བརྗོད་པ་དང་གདེང་ཚོད་དེ་ནི་རྒྱལ་ཁབ་རིམ་པ་ནས་ཚད་མཐོའི་མཐོང་ཆེན་དང་ལམ་ལུགས་ཀྱི་འགན་སྲུང་བྱས་པ་ལས་བྱུང་བ་ཞིག་རེད།
ཡའོ་ཐན་ཏུང་གིས་ངོ་སྤྲོད་བྱས་དོན། “ཁྲིམས་འཛུགས་སྔོན་ལ་འཇོག་པ་དང་ཚན་རྩལ་གྱིས་གཡས་གཞོགས་གཡོན་འདེགས་བྱས་ནས་དེ་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱེད་དགོས་ཀྱི་ཡོད” ཁོང་གིས། ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་ལ་བརྟེན་ནས《བོད་རང་སྐྱོང་ལྗོངས་ཀྱི་འཁྱགས་རོམ་སྲུང་སྐྱོང་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་པ་དང་མིག་སྔར《བོད་རང་སྐྱོང་ལྗོངས་ཀྱི〈མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས〉དོན་འཁྱོལ་བྱེད་པའི་ཞིབ་སྲོལ》ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བཤད།
ཚན་རིག་གི་འདེགས་སྐྱོར་ནི་ཁྲིམས་འཛུགས་ཀྱི་རིམ་ངོས་ཁོ་ན་ཙམ་མིན་པ།
2023ལོའི་ཟླ་9ཚེས་10ཉིན“2023ལོའི་བོད་ལྗོངས·གནམ་ལྕགས་འབར་བའི་གླེང་སྟེགས”ཐོག་ཡོན་ཧྲི་ཡའོ་ཐན་ཏུང་གིས《བེད་སྤྱོད་ནས་སྲུང་སྐྱོང་བར་གྱི་ཚན་རིག་འཚོལ་ཞིབ——མཚོ་བོད་ཚན་རིག་རྟོག་ཞིབ་ཀྱི་བཤུལ་ལམ》ཞེས་འགོ་བརྗོད་དུ་འཁོད་པའི་གཙོ་དོན་སྙན་ཞུ་ཕུལ་ནས་མཚོ་བོད་ཚན་རིག་རྟོག་ཞིབ་ཀྱི་ཐོན་ཁུངས་བེད་སྤྱོད་ནས་སྐྱེ་ཁམས་སྲུང་སྐྱོང་བར་གྱི་མ་དཔེའི་འགྱུར་ལྡོག་གོ་རིམ་ལྡན་པའི་ངང་གསལ་འགྲེལ་བྱས་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་པར་ཚན་རིག་གི་འདེགས་སྐྱོར་བྱས་པ་རེད།
“ཁྲིམས་འཛུགས་འགན་སྲུང་ནས་ལག་ལེན་འཚོལ་ཞིབ་བྱེད་པའི་བར་ང་ཚོས་ཐོག་མཐའ་བར་གསུམ་དུ་ཚན་རིག་གི་གྲངས་གཞི་གཞི་འཛིན་སར་བྱས་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་པར་འདེགས་སྐྱོར་བརྟན་པོ་བྱས་ཡོད”ཅེས་ཡའོ་ཐན་ཏུང་གིས་མཚོ་བོད་ཚན་རིག་རྟོག་ཞིབ་བྱེད་མཁན་མི་རབས་འགའི་བརྟན་སྲུང་དང་འགན་འཁྲི་འཁུར་ཚུལ་བཤད་པ་རེད།
ཆུ་འཚོལ་ཞིབ་དང་ཐཱན་དབྱེ་ཞིབ་བྱས་ནས་ས་མཐོའི་སྐྱེ་ཁམས་ཀྱི་ལྟེ་བའི་གསང་བ་བརྟོལ་བ།
མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་ཆུ་དང་། སྐྱེ་ཁམས། མིའི་རིགས་ཀྱི་བྱེད་སྒོ་བཅས་ལྟེ་བའི་གྲོས་གཞི་ཆེན་པོ་གསུམ་ལ་དམིགས་ནས་རུ་མི་ཚོས་དཀའ་བ་དུ་མ་ཁྱད་དུ་བསད་དེ་ཞིབ་འཇུག་གཏིང་ཟབ་བྱས་ནས་ཞིབ་ཅིང་བདེན་པའི་གྲངས་གཞི་རེ་རེས་ས་མཐོའི་སྐྱེ་ཁམས་འགྱུར་ལྡོག་གི་ངོ་མཚར་ཆེ་བའི་གསང་བ་བརྟོལ་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་ཀྲུང་གོའི་ཚན་རིག་གི་གཞི་འཛིན་ས་བརྟན་པོ་མཁོ་འདོན་བྱས་ཡོད།
བོད་ལ་རང་རྒྱལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་འཁྱགས་རོམ་ཡོད་པ་དང་སྤྱི་ལེ་ངོས་གྲུ་ཁྲི་3ཙམ་གྱི་འཁྱགས་རོམ་གྱིས་རྒྱལ་ཡོངས་འཁྱགས་རོམ་བསྡོམས་འབོར་གྱི་48%བཟུང་ཞིང་། འཁྱགས་རོམ་དེ་དག་ནི་ཆུ་བོ་གལ་ཆེན་ཞིག་ཡིན་པ་མ་ཟད། འཁྱགས་རོམ་བརྒྱུད་སའི་གོ་ལའི་ལོ་ངོ་ཁྲི་བརྒྱ་ཡི་ཁོར་ཡུག་འཕོ་འགྱུར་གྱི་ལོ་རྒྱུས་དེ་བས་ཀྱང་ཟིན་ཐོར་བཀོད་ཡོད།
“མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པས་2024ལོར‘ཆུ་གསོག་མཐོ་ལྕོག་སྲུང་སྐྱོང་བྱེད་པ་སྟེ། འཁྱགས་རོམ་གཅིག་དང་། མཚོ་གཉིས། གཙང་པོ་གསུམ’བཅས་ཀྱི་ཚན་རིག་རྟོག་ཞིབ་བྱ་སྤྱོད་གྲུབ་འབྲས་ཐོབ་པའི་ངང་སྤེལ་བ་དང་། ང་ཚོས་བུ་རོགས་གངས་རི་འཁྱགས་རོམ་ནས་མཚོ་བོད་ས་མཐོའི་འཁྱགས་རོམ་མཐུག་ཤོས་རྙེད་པ་དེར་མཐུག་ཚད་སྨི་400ཡོད་པ་མ་ཟད། ད་དུང་གོ་ལ་ཧྲིལ་པོའི་རི་ཁུལ་གྱི་འཁྱགས་སྙིང་གསོར་འབིགས་རྩད་ཞིབ་ཀྱི་ཟིན་ཐོ་རིང་ཤོས་ཡིན་པའི་སྨི་324བཏོད་ཡོད”ཅེས་འཁྱགས་རོམ་དང་ཁོར་ཡུག་འགྱུར་ལྡོག་རྟོག་ཞིབ་རུ་ཁག་གི་རུ་དཔོན་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཞུས་པའེ་ཆིན་གྱིས་བཤད་པ་དང་། ཁོང་གིས། འཁྱགས་སྙིང་གི་མ་དཔེ་རྩ་ཆེན་དེ་དག་གིས་སའི་གོ་ལའི་ཁོར་ཡུག་འགྱུར་ལྡོག་ཁུངས་འདེད་བྱེད་པར་འགག་རྩའི་ཁུངས་སྣེ་མཁོ་འདོན་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།
ཐཱན་འདུས་ཞིབ་འཇུག་ཁྱབ་ཁོངས་སུ། ཚན་རིག་རྟོག་ཞིབ་རུ་ཁག་གིས་ཀྱང་གྲུབ་འབྲས་གཟེངས་སུ་ཐོན་པ་བཏོད་ཡོད། “ང་ཚོས་རང་བདག་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་ཀྲུང་གོའི་རླུང་ཁམས་ཆེན་པོའི་ཐཱན་འདུས་ཚོད་དཔག་མ་ལག་ཐོག་མ་ཡིན་པའི‘གངས་དཀར་དཔེ་དབྱིབས’ལ‘གོ་ལ་ཧྲིལ་པོའི་ཐཱན་འཆར་གཞིའི’དཔང་རྟགས་ར་འཕྲོད་ཐུབ་པ་དེས་མཚོ་བོད་ས་མཐོའི་ཐཱན་གཏོང་ཡོང་ལ་གནད་འཁེལ་དཔྱད་དཔོག་བྱ་རྒྱུར་ཚན་རིག་གི་འགན་ལེན་བྱས་པ་དང་། རྒྱལ་སྤྱིའི་ཐཱན་གཏོང་ཡོང་ལ་དཔྱད་དཔོག་བྱ་རྒྱུར་ཀྲུང་གོའི་ལེགས་སྐྱེས་ཕུལ་ཡོད”ཅེས་ཡའོ་ཐན་ཏུང་གིས་ངོ་སྤྲོད་བྱས།
མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་ལས་ཤེས་རྟོགས་བྱུང་བར། མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་གི་ལོ་རེའི་ཐཱན་འདུས་དབྱང་གཉིས་ཐཱན་འགྱུར་ཏུན་དུང་ཕྱུར་1.2ནས་དུང་ཕྱུར་1.4བར་ཟིན་པ་དེས་རྒྱལ་ཡོངས་སྐྱེ་ཁམས་མ་ལག་གི་ལོ་རེའི་ཐཱན་འདུས་ཀྱི་10%ནས་16%བར་ཟིན་ཡོད། མིག་སྔའི་མཚོ་བོད་ས་མཐོའི་ལོ་ལྟར་གྱི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་5500གཞིར་བཟུང་རྩིས་བརྒྱབ་ན། ཐཱན་ལྷག་མ་ལོ་རེར་ཏུན་ཁྲི་6500ལས་བརྒལ་ནས་རྒྱལ་ཡོངས་སུ་ཐཱན་ཚད་སྙོམས་སྦྱོར་ཡོང་བར་ལེགས་སྐྱེས་ཕུལ་ཡོད།
མཐོ་འཛེགས་རྒྱང་ལྟ་བྱས་ཏེ་ཚན་རིག་རྟོག་ཞིབ་ཀྱི་བྱས་རྗེས་རྡོ་རིང་བཙུགས་ནས་རྒྱལ་སྤྱིའི་སྐད་ཆ་ཤོད་དབང་ཆེ་རུ་བཏང་བ།
“ལོ་མང་རིང་དཀའ་བ་སྤྱད་པ་བརྒྱུད། ང་ཚོར་ཚན་རིག་གི་སྣེ་ཁྲིད་དང་། སྐད་ཆའི་སྣེ་ཁྲིད། དཔུང་ཁག་གི་སྣེ་ཁྲིད་བཅས་ཀྱི་ཚད་བརྒལ་མང་པོ་བྱུང་ཡོད”ཅེས་དང་། ཚན་རིག་ཞིབ་འཇུག་ཁྱབ་ཁོངས་སུ་ཚན་རིག་རྟོག་ཞིབ་རུ་ཁག་གིས་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་གི་འགྱུར་ལྡོག་དང་། ཐཱན་འདུས་ནུས་པར་ཚོད་སྐོར། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། མིའི་རིགས་ས་མཐོར་འཕྲོད་ཚུལ། ས་མཐོའི་འབུར་འཕར་ཕན་འབྲས་སོགས་ལྟེ་བའི་གྲོས་གཞིར་དམིགས་ཏེ་འཛམ་གླིང་རིམ་པའི་གསར་གཏོད་གྲུབ་འབྲས་རབ་དང་རིམ་པ་ཐོན་ནས་གོ་ལ་ཧྲིལ་པོའི་མཚོ་བོད་ས་མཐོའི་སའི་གོ་ལའི་མ་ལག་གི་ཚན་རིག་ཞིབ་འཇུག་རྒྱུན་མཐུད་སྣེ་ཁྲིད་བྱེད་བཞིན་ཡོད་ཅེས་ཡའོ་ཐན་ཏུང་གིས་ངོ་སྤྲོད་བྱས།
དེ་དང་འདྲ་བར། རྒྱལ་སྤྱིའི་སྐད་ཆའི་རིམ་ངོས་ནས་ཚན་རིག་རྟོག་ཞིབ་ལས་དོན་དེ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་འཐབ་ཇུས་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། 2020ལོའི“ཧི་མ་ལ་ཡ་སྐོར་བའི”གླེང་སྟེགས་ཐོག་ཡའོ་ཐན་ཏུང་གིས་ཚན་རིག་གླེང་སྟེགས་གཙོ་སྐྱོང་བྱས་པ་དང་འབྲེལ། གཙོ་དོན་གཏམ་བཤད་བྱས་ནས། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་20ནས་ཡོང་བའི་ཚན་རིག་མཁས་ཅན་ཚོར་ཀྲུང་གོའི་ལག་ལེན་དང་ཉམས་མྱོང་མཉམ་སྤྱོད་བྱས་ནས་ཕྱོགས་ཁག་གིས་ས་ཁོངས་ཀྱི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་གོ་ལ་ཧྲིལ་པོའི་ཐུན་མོང་ངོས་འཛིན་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་ཡོད།
ད་ཆ་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་རུ་ཁག་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ས་བབ་ཆེས་མཐོ་བའི་ཚན་རིག་རྟོག་ཞིབ་ཐད་འཛམ་གླིང་གི་ཟིན་ཐོ་མང་པོ་བཏོད་དེ། འཛམ་གླིང་རིམ་པའི་གསར་གཏོད་རང་བཞིན་གྱི་ཚན་རིག་རྟོག་ཞིབ་བྱེད་སྒོའི་ཚད་ཤིང་བཙུགས་ཡོད།
“འདིས་མིའི་རིགས་ཀྱིས་མཚོ་བོད་ས་མཐོའི་ཁོར་ཡུག་འགྱུར་ལྡོག་ལ་ངོས་འཛིན་གསར་པ་གཏིང་ཟབ་ཏུ་གཏོང་ཐུབ་པ་མ་ཟད། ‘0ནས་1བར’གྱི་འཛམ་གླིང་རིམ་པའི་གསར་རྩོམ་གྲུབ་འབྲས་ཚད་བརྒལ་ཡོང་བར་སྐུལ་འདེད་གཏོང་ཐུབ”ཅེས་ཡའོ་ཐན་ཏུང་གིས་བཤད་པ་དང་། ཁོང་གིས་བློ་རྩ་བརྟན་པོས“ང་ཚོས་ཞིབ་འཇུག་གི་ཁྱབ་ཚད་དང་། གཏིང་ཚད། མཐོ་ཚད་བཅས་མུ་མཐུད་རྒྱ་སྐྱེད་བཏང་སྟེ། ཁྱབ་ཁོངས་དེའི་ནང་རང་རྒྱལ་གྱི་རྒྱལ་སྤྱིའི་ཚན་རྩལ་ཤུགས་རྐྱེན་དང་སྐད་ཆ་ཤོད་དབང་རྒྱུན་མཐུད་ཆེ་རུ་བཏང་ནས‘འཛམ་གླིང་ཐོག་གི་དག་ཞིང་མཐའ་མ’སྲུང་སྐྱོབ་དང་། ‘རྒྱུད་གཅིག་ལམ་གཅིག’གྲོས་འགོ གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ལ་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་གྱི་ཡིན”ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།