བོད་ལྗོངས་ཞིང་འབྲོག་སློབ་ཆེན་གྱིས་ཞིང་འབྲོག་པར་ལག་རྩལ་གསོ་སྦྱོང་དང་ཁེ་ལས་དང་མཉམ་དུ་ཐོན་རྫས་གསར་པ་ཞིབ་སྤེལ་བྱས་པ།
ཚན་རྩལ་སྒོ་ར་ཆུང་ངུར་གྲུབ་འབྲས་མང་པོ་ཐོབ་པ།
སྟོན་མཇུག་གི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་ནམ་མཁའ་སྔོ་ལ་ཆུ་མོ་དྭངས་བ་དང་ནགས་ཚལ་གསེར་མདོག་ཏུ་གྱུར་ཡོད། གྲོང་ཁུལ་ནས་རླངས་འཁོར་བཏང་སྟེ་རྒྱལ་ལམ་318བརྒྱུད་ནུབ་ངོས་སུ་སྤྱི་ལེ་50ལྷག་ཙམ་བསྐྱོད་ཚེ་སྦེ་པ་གྲོང་རྡལ་འཛིན་པ་གྲོང་ཚོའི་ཉེ་འགྲམ་གྱི་བོད་ལྗོངས་ཉིང་ཁྲི་བྲག་ཡིབ་བོད་ཕག་ཚན་རྩལ་སྒོ་ར་ཆུང་ངུར་སླེབས་ཀྱི་ཡོད།
ཚན་རྩལ་སྒོ་ར་ཆུང་ངུ་དེ་2023ལོའི་ཟླ་བ་7པར་དངོས་སུ་སྒོ་བྱང་བཀལ་བ་དང་དེ་ཡང་བོད་ལྗོངས་ཞིང་འབྲོག་སློབ་ཆེན་དང་། ཉིང་ཁྲི་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས། ཉིང་ཁྲི་གྲོང་ཁྱེར་ཚན་རྩལ་ཅུས། བྲག་ཡིབ་ཆུས་ཚན་རྩལ་ཅུས། སྦེ་པ་གྲོང་རྡལ་མི་དམངས་སྲིད་གཞུང་། ཉིང་ཁྲི་ས་སྐྱིད་པོ་ཁེ་ལས་ཚད་ཡོད་ཀུང་སི། བོད་ལྗོངས་གླག་རྒོད་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཀྱིས་མཉམ་དུ་བཙུགས་པ་ཞིག་རེད། བོད་ལྗོངས་ཞིང་འབྲོག་སློབ་ཆེན་སྲོག་ཆགས་ཚན་རིག་སློབ་གླིང་གི་དགེ་རྒན་དང་ཚན་རྩལ་སྒོ་ར་ཆུང་ངུའི་འགན་འཁུར་བ་ཀྲང་ཧུང་ལེང་གིས་གསར་འགོད་པར་བརྗོད་དོན། ཚན་རྩལ་སྒོ་ར་ཆུང་ངུ་དེར་མུའུ་70ཙམ་ཡོད་པ་དང་གཞུང་ལས་ཐོག་ཁང་དང་ཉལ་ཁང་ཕུད་ད་དུང་ཚོད་ལྟ་ཁང་དང་། ཕྱུགས་སྨན་ཁང་། ཕྱུགས་ཚང་། གཟན་རྩྭ་དང་གཟན་ཆག་ལས་སྣོན་འཁོར་ཁང་སོགས་སྒྲིག་བཀོད་ཆ་ཚང་བ་དང་བྱེད་ནུས་འཐུས་སྒོ་ཚང་པོ་ཡོད།
ཚན་རྩལ་སྒོ་ར་ཆུང་ངུའི་དབུ་བཞུགས་རིགས་གཅིག་མཁས་ཅན་དང་བོད་ལྗོངས་ཞིང་འབྲོག་སློབ་ཆེན་སྲོག་ཆགས་དང་ཚན་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཧྲང་ཕེང་གིས་བརྗོད་དོན། བོད་ཕག་གི་ཤའི་བྲོ་བ་ཞིམ་ལ་འཚོ་བཅུད་ཆེ་བས་དེ་ནི་བོད་ཀྱི་ཞིང་འབྲོག་པའི་བཟའ་བཅའ་དང་དཔལ་འབྱོར་ཡོངས་ཁུངས་གཙོ་བོ་རེད། ལོ་མང་རིང་། བོད་ལྗོངས་ཞིང་འབྲོག་སློབ་ཆེན་གྱི་དེ་སྔའི་སློབ་སྤྱི་དང་དགེ་རྒན་ཆེ་མོ་བ་བྱམས་པ་གཡང་འཛོམས་ཀྱིས་ཚན་ཞིབ་དཔུང་ཁག་གི་སྣེ་ཁྲིད་དེ་བོད་ཕག་འདེམས་གསོ་དང་། རྒྱུད་པ་ལེགས་བཅོས། གསར་སྤེལ་བེད་སྤྱོད་སོགས་ཞིབ་འཇུག་རབ་དང་རིམ་པ་བྱས་ནས། སྐྱེ་འཚར་མྱུར་བ་དང་སྐྱེ་འཕེལ་མང་བ་སོགས་ཀྱི་བོད་ཕག་གི་རྒྱུད་པ་གསར་པ་འདེམས་གསོ་བྱས་ཡོད།
ཚན་རྩལ་སྒོ་ར་ཆུང་ངུ་བཙུགས་ནས་ལོ་གཉིས་ལྷག་ཙམ་རིང་། ཚན་རྩལ་སྒོ་ར་ཆུང་ངུའི་ལས་དོན་ཁག་ཏན་ཏིག་སྤེལ་ཞིང་། ཚན་རྩལ་སྒོ་ར་ཆུང་ངུའི་དགེ་རྒན་དཔུང་ཁག་གིས་བོད་ཕག་གསོ་སྤེལ་ལག་རྩལ་གསོ་སྦྱོང་ཐེངས་13བྱས་ཏེ་ཞིང་འབྲོག་པར་གཞི་ཁྱོན་ཅན་གྱི་གཟན་ཆག་སྡེབ་སྦྱོར་ལེགས་སུ་གཏོང་བ་དང་། ཕྱེད་ལག་གསོས་དང་ལྟོ་སྣོན་སྟེར་བ། ས་མཐོའི་རིམས་ནད་ཕྱོགས་བསྡུས་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལག་རྩལ་བསླབས་པས་གསོ་སྤེལ་མ་གནས་རྒྱུན་མཐུད་དམའ་རུ་དང་ཡོང་འབབ་ལོ་རེ་བཞིན་འཕར་ཡོད། ཁོང་ཚོས་ད་དུང་ཡུལ་དེའི་སྣེ་འདྲེན་ཁེ་ལས་དང་མཉམ་ལས་བྱས་ནས་རིམ་རྩིས་བརྒྱབ་ན“བོད་ཕག་གི་ཕག་ཀྲིན”སོགས་ཐོན་རྫས་སྣ་ཁ་9ཞིབ་སྤེལ་བྱས་པ་དང་བོད་ཕག་གི་སྐྱེ་འཚར་དུས་མཚམས་བརྒྱད་ལ་གཞིགས་ཏེ་གཟན་ཆག་སྡེབ་སྦྱོར་བྱེད་སྟངས་ཁག་དགུ་ཞིབ་སྤེལ་བྱས་པ་དང་འབྲེལ། ཁྱབ་གདལ་ཡང་བཏང་བར་ལོའི་ཐོན་འབབ་ཏུན་ཁྲི་2000ཡན་ཟིན་པ་དང་། “བོད་ལྗོངས་བོད་ཕག་གི་རྒྱུད་པའི་ཐོན་ཁུངས་མཛོད”གྲུབ་འབྲས་ཐོབ་པའི་ངང་བཙུགས་པ་དང་བོད་ཕག་གི་རྒྱུད་འཛིན་ཐོན་ཁུངས་སྲུང་སྐྱོང་དང་ལག་རྩལ་མ་ལག་བཙུགས་ཐོག་བོད་ཕག་གི་རྒྱུད་པའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།
ཚན་རྩལ་སྒོ་ར་ཆུང་ངུའི་ལས་སྟེགས་དེར་བརྟེན་ནས་དངོས་གཞིའི་ཚན་ཁག་གི་སློབ་མ་90ཙམ་གྱིས་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་སློབ་གྲྭ་ཆེ་མོ་བའི་གསར་གཏོད་ལས་གཏོད་སྦྱོང་བརྡར་འཆར་གཞིའི་རྣམ་གྲངས་ཁག་བཅུ་གཙོ་སྐྱོང་བྱས་པར་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་ཐེངས་4དང་རང་སྐྱོང་ལྗོངས་རིམ་པའི་གཟི་བརྗིད་མཚན་སྙན་ཐེངས་5ཐོབ་པ་རེད། དངོས་གཞིའི་ཚན་ཁག་གི་སློབ་མ་དང་ཞིབ་འཇུག་སློབ་མ་མང་པོ་ཞིག་སློབ་གྲྭ་ཐོན་རྗེས་གཞི་རིམ་ཕྱུགས་ལས་ས་ཚིགས་ཀྱི་ལག་རྩལ་རྐང་འཛིན་པ་དང་མཉམ་ལས་ཁང་གི་འགན་འཁུར་བར་མགྱོགས་མྱུར་འཚར་ལོངས་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།