དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • འཛིན་བདག་གི་ལས་ཀའི་བྱེད་ཕྱོགས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-14

    སྤྱིར་སློབ་སྤྱི་ཇི་ལྟ་བུ་ཞིག་ཡིན་ན་སློབ་གྲྭའང་དེ་ལྟ་བུ་ཞིག་ཡིན་ཟེར་བ་དང་། འཛིན་བདག་ཇི་ལྟ་བུ་ཞིག་ཡིན་ན་འཛིན་གྲྭའང་དེ་ལྟ་བུ་ཞིག་ཏུ་གྱུར་ངེས་ཞེས་པ་ལྟར། འཛིན་བདག་ནི་འཛིན་གྲྭའི་ཐུན་མོང་གི་སྒྲིག་འཛུགས་པ་དང་། སློབ་གསོ་བ། མཛུབ་སྟོན་པ་བཅས་ཡིན་ཞིང་། སློབ་གྲྭའི་སློབ་གསོ་ལས་དོན་དང་འབྲེལ་ནས་བལྟས་ན། འཛིན་བདག་ནི་སློབ་གྲྭའི་འགོ་ཁྲིད་ཀྱི་ལག་རོགས་འཇོན་པོ་ཞིག་རེད། གཞན་ཡང་། འཛིན་བདག་གི་ལས་ཀ་ནི་སློབ་གྲྭའི་སློབ་གསོའི་རྨང་གཞི་ཡིན་པས། སློབ་གྲྭའི་བྱ་བ་ཡོད་ཚད་ནི་འཛིན་བདག་གི་ལས་ཀ་དང་འབྲེལ་བ་དམ་ཟབ་ཡོད། དེར་བརྟེན། ཁོ་མོས་གཞི་རིམ་སློབ་གྲྭར་བགྲང་བྱ་བཅུ་ཕྲག་ལྷག་ལ་འཛིན་བདག་བྱས་པའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས། འཛིན་བདག་གི་ལས་ཀའི་བྱེད་ཕྱོགས་སྐོར་རགས་ཙམ་གླེང་བར་བྱ།

    དང་པོ། དྲང་གཞག་གི་སེམས་པས་ཀུན་ནས་བསླངས་ཏེ་སློབ་མར་བརྩེ་བ་སྦྱིན་དགོས།

    འཇིག་རྟེན་གཏམ་དཔེར། ཟས་ཨ་མས་བགོས་ན་ཆེ་ཆུང་གཏོང་མི་ཉན། ཁལ་གཡག་ལ་བཀལ་ན་ལྗིད་འཆོར་མི་ཉན་ཟེར་བའི་དཔེ་ལྟར། འཛིན་བདག་ཞིག་ལ་མཚོན་ན། འཛིན་གྲྭའི་སློབ་མ་སུ་དང་སུ་ཡིན་རུང་། ཉེ་རིང་ཆགས་སྡང་དང་ཕྱོགས་ལྷུང་གཏན་ནས་མེད་པར་ཚང་མར་ལྟ་སྟངས་གཅིག་པ་འཛིན་དགོས། ང་ཚོས་ཤེས་གསལ་ལྟར། འཛིན་གྲྭ་གཅིག་གི་ནང་དུ་སློབ་མའི་སྦྱངས་འབྲས་ལ་རབ་འབྲིང་ཐ་གསུམ་ཡོད་པ་ནི་ཆོས་ཉིད་ཅིག་ཡིན་མོད། འོན་ཀྱང་འཛིན་བདག་ཉུང་ཤས་ཀྱིས་རྒྱུན་པར་སྦྱངས་འབྲས་ཡག་པ་དང་སྒྲིག་ལམ་སྲུང་མཁན་གྱི་སློབ་མ་དེ་དག་ལ་གཅེས་ཤིང་བྱམས་ལ། སྦྱངས་འབྲས་ཞན་པའི་སློབ་མ་མིག་ནང་གི་ཚེར་མ་དང་ལྷམ་ནང་གི་རྡེའུ་ལྟར་བརྩིས་ནས་སྐྱོན་ཆ་ཕྲན་ཙམ་མཐོང་ཚེ། སྒོག་པ་ཤུན་པགས་བཤུ་བཤུ་བྱེད་ཀྱི་ཡོད་པས། གཏམ་ལ་སོ་མེད་ཀྱང་མི་སྙིང་དུམ་བུར་གཏུབ་པའི་དཔེ་ལྟར་སློབ་མའི་སེམས་ལ་རྨ་ཁ་མི་བཟོ་བའི་ངེས་པ་མེད། དེའི་ཕྱིར་འཛིན་བདག་དེའི་རིགས་ཀྱི་བྱ་བར་བལྟས་བལྟས་རིག་རིག་ལ་ཕམ་ཁ་དང་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད། ངའི་འཛིན་གྲྭའི་ནང་འགོ་ཁྲིད་ཀྱི་ཕྲུ་གུ་ཡོད་ལ་ཞིང་འབྲོག་མང་ཚོགས་དཀྱུས་མའི་བུ་ཕྲུག་ཀྱང་ཡོད། འགའ་རེ་བཟང་གསུམ་སློབ་མ་རེད་ལ། འགའ་རེ་ཕྱོགས་གང་ཅིའི་ཐད་ཞན་ཙམ་ཡོད་མོད། ངས་དེ་དག་ལ་མཐོ་དམའ་དང་བཟང་ངན་ཕྱོགས་ལྷུང་གཏན་ནས་བྱེད་ཀྱི་མེད། སློབ་མ་སུ་དང་སུ་ཡིན་རུང་མི་འགྲིག་པའམ་ཞན་ཆ་ཡོད་སྲིད་པས། འཛིན་གྲྭའི་དོན་དག་ཆེ་འབྲིང་ཆུང་གསུམ་གང་ཞིག་ཡིན་རུང་། ཐག་གཅོད་བྱེད་སྐབས་ཐོག་མར་དགེ་རྒན་རང་ཉིད་ཀྱིས་དབང་ཤུགས་དང་རྩུབ་སྤྱོད་ཀྱིས་ཐག་གཅོད་མི་བྱེད་པར། སློབ་མ་ཚོའི་བསམ་འཆར་དང་ལྟ་ཚུལ་ལ་ཉན་ནས་ཐག་གཅོད་བྱེད་དགོས་པ་མ་ཟད། དེ་བས་དྲང་གཞག་གི་སེམས་པས་ཀུན་ནས་བསླངས་ཏེ་སློབ་མར་བརྩེ་བ་སྦྱིན་དགོས།

    གཉིས། དམ་ལྷོད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས།

    རང་ཉིད་ལོ་མང་རིང་ཞིང་འབྲོག་ཁུལ་དུ་འཛིན་བདག་བྱས་པའི་ལག་ལེན་ལས་ར་སྤྲོད་བྱུང་བ་ནི། འཛིན་བདག་ཞིག་ཡིན་ན་སློབ་མར་རེ་བ་ནན་པོ་འཆང་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད་ཅེས་བརྗོད་ཆོག་སྟེ། རྒྱུ་མཚན་ནི་སློབ་མར་རེ་བ་ནན་པོ་འདོན་མཁན་གྱི་འཛིན་བདག་དེ་དག་ནི་རྒྱུན་པར་སློབ་མ་དང་འབྲེལ་འདྲིས་ཟབ་ལ། སློབ་མའི་སློབ་སྦྱོང་དང་བདེ་སྡུག སློབ་མའི་ཁྱིམ་ཚང་གི་གནས་ཚུལ་དང་ཁྱིམ་བདག་གི་བསམ་བློའི་གོ་རྟོགས། དེ་བཞིན་རིག་གནས་ཆུ་ཚད་སོགས་ལའང་རྒྱུས་ལོན་ཆེ་བ་ཤ་སྟག་རེད་ཅེས་བཤད་ཆོག འོ་ན་ལྷོད་པོར་འཇོག་པ་ནི་སྐྱོན་ཆ་ཁོ་ན་ཡིན་ཞེས་པའི་དོན་ཡང་། འཛིན་བདག་འགའ་རེས་སློབ་མར་རེ་བ་ནན་པོ་བཅོལ་གྱི་མེད་ལ་སེམས་སུ་འཆར་གཞིའང་ཅི་ཡང་མེད་པས་སློབ་མ་དང་བར་ཐག་རིང་བ་མ་ཟད། སློབ་ཁང་དུ་ཕྱིན་ན་མགོ་ཡུ་འཁོར་གྱི་ཡོད་ཤས་རེད། དགེ་རྒན་དེ་རིགས་ནི་ཉི་མ་གང་འཁྱོལ་བྱེད་མཁན་དང་སློབ་མར་མགོ་སྐོར་གཏོང་མཁན་ཙམ་ཞིག་ལས། དེའི་རྒྱུད་ལ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཚང་མེད་ལ་གཞན་ཕན་གྱི་ཀུན་སློང་ཟེར་བ་ཞིག་ཡེ་ནས་མེད། དེའི་ཕྱིར། དམ་པོ་ནི་ཤ་ཚ་བ་དང་ལྷོད་པ་ནི་སྐྱོན་ཆ་ཁོ་ན་ཡིན་པར་འདོད། དེས་ན་འཛིན་བདག་བཟང་པོ་ཞིག་བྱེད་འདོད་པའམ་འཛིན་གྲྭའི་ལས་ཀ་ཡག་པོ་ཞིག་སྒྲུབ་དགོངས་ན་ངེས་པར་དུ“དམ་པོ”དང“ལྷོད་པོའི”དབར་གྱི་འབྲེལ་བ་ལག་ལེན་གྱི་ཁྲོད་ནས་ཐག་གཅོད་ཡག་པོ་ཐུབ་པ་བྱེད་དགོས།

    གསུམ། འཛིན་བདག་གིས་ཁྱིམ་བདག་དང་འབྲེལ་བ་དམ་ཟབ་བྱེད་དགོས།

    ཁྱིམ་ཚང་ནི་སློབ་མ་འཚར་ལོངས་འབྱུང་ས་ཡིན་པར་མ་ཟད། ཁྱིམ་བདག་ནི་སློབ་མའི་ཆེས་ཐོག་མའི་དགེ་རྒན་རེད་ལ་མིག་དཔེ་ལྟ་སའང་ཡིན་པས། འཛིན་བདག་བཟང་པོ་ཞིག་ཡིན་ན། སློབ་མར་རྩུབ་སྤྱོད་དང་སློབ་སྦྱོང་བཟང་ངན་ལ་ཕྱོགས་རེས་དང་མཐོང་ཆུང་སོགས་མི་བྱེད་པར། ལྷག་བསམ་རྣམ་དག་གི་སྒོ་ནས་སློབ་མར་གཅེས་སྐྱོང་དང་སློབ་མའི་རང་བཀུར་གྱི་བསམ་བློ་དང་རང་གཤིས་རེ་བ་སོགས་ལའང་བརྩི་འཇོག་བྱེད་དགོས། འཛིན་བདག་གིས་ངེས་པར་དུ་ཁྱིམ་བདག་དང་འབྲེལ་འདྲིས་བྱས་ཏེ། ཁྱིམ་བདག་དང་མཉམ་དུ་སློབ་གསོ་བཏང་ཚེ། སློབ་མ་དེ་བཟང་ལམ་དུ་འགྲོ་བར་ནུས་པ་གལ་ཆེན་ཐོན་ཐུབ། སློབ་མའི་ཁྱིམ་དུ་འཚམས་འདྲིར་འགྲོ་བ་དང་། སློབ་མའི་སྦྱངས་འབྲས་དང་སློབ་མའི་སྒྲིག་ལམ་དང་གཙང་སྦྲ་ཀུན་སྤྱོད་སོགས་ཁྱིམ་བདག་ཚོགས་འདུ་བརྒྱུད་ནས་ཁྱིམ་བདག་ལ་ངོ་སྤྲོད་བྱས་ཏེ་ཤེས་སུ་འཇུག་རྒྱུ་དང་ཁྱིམ་བདག་གི་རེ་བ་དང་བསམ་འཆར་བསྡུ་ལེན་བྱེད་པ་ལས་མཐོང་ཆུང་གཏན་ནས་བྱེད་མི་རུང་། གྲོས་བསྡུར་བརྒྱུད་སློབ་མ་སྐྱེད་སྲིང་གི་བྱེད་ཐབས་བཙལ་ཏེ། འཛིན་གྲྭའི་སློབ་གསོའི་བྱ་བར་ཁྱིམ་བདག་གིས་རྒྱབ་སྐྱོར་དང་རོགས་རམ་གང་ལེགས་ཐོབ་པར་བྱེད་དགོས། དེ་ལྟར་བྱས་ན་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་ཐེ་ཚོམ་མེད་སྙམ།

    བཞི། འཛིན་བདག་གིས་སློབ་མ་རྣམས་ཡ་རབས་སྤྱོད་བཟང་གི་ལམ་དུ་སྣེ་ཁྲིད་བྱེད་དགོས།

    སློབ་མ་རྣམས་ལ་ཡ་རབས་ཀྱི་གོམས་གཤིས་དང་སྲོལ་བཟང་ཞིག་འཇགས་དགོས་ན། དང་ཐོག་འཛིན་བདག་རང་ཉིད་ལའང་ཡ་རབས་སྤྱོད་བཟང་གི་གོམས་གཤིས་ལེགས་པོ་ཞིག་ལྡན་དགོས་ཤིང་། འཛིན་བདག་གིས་རྒྱུན་པར་བརྙན་འཕྲིན་དང་དཔེ་དེབ་ནང་གི་བོད་ཀྱི་སྔོན་བྱོན་མཁས་པའི་སློབ་གཉེར་མཛད་ཚུལ་དང་དེང་རབས་དང་གནའ་རབས་ཀྱི་དཔེ་བཟང་མི་སྣ་དང་ཕུལ་བྱུང་ཅན་མིག་དཔེར་བལྟས་ནས་སློབ་མར་སློབ་གསོ་གང་མང་བཏང་ན་སློབ་མར་བག་ཆགས་ཟབ་མོ་འཇོག་ཐུབ། ལེ་ཉིན་གྱིས“མིག་དཔེ་ཡི་སྟོབས་ཤུགས་ནི་འཛད་མཐའ་མེད་པ་རེད”ཅེས་གསུངས་པ་བཞིན། སློབ་མར་སྔོན་ཐོན་མི་སྣའི་བློ་བརྟན་འགྱུར་མེད་དང་། ཡར་ཐོན་བརྩོན་ལེན། རང་འགུལ་རང་རྟོགས་ཀྱིས་གཞན་ཕན་སྒྲུབ་པའི་བླ་ན་མེད་པའི་གཤིས་རྒྱུད་ཀྱི་སློབ་སྟོན་མཛད་པའམ་སློབ་མའི་ཁྲོད་ནས་མངོན་པའི་བསམ་བློ་བཟང་པོ་དྲིལ་བསྒྲགས་དང་བསྟོད་བསྔགས་མང་ཙམ་བྱས་ཏེ། ངོས་འཛིན་རྒྱུ་ཡོད་པ་དང་གཟུགས་བརྙན་ཡོད་པའི་སྒོ་ནས་སློབ་མར་སློབ་གསོ་གཏོང་བར་དོ་སྣང་བྱས་ཚེ། སློབ་མར་ཡར་ཐོན་བརྩོན་ལེན་དང་སྤྱོད་ངན་ཡོ་བསྲང་བྱེད་པའི་རང་རྟོགས་རང་བཞིན་འཕེལ་ཐུབ་ལ། ཡ་རབས་སྤྱོད་བཟང་གི་གོམས་གཤིས་བཟང་པོ་ཞིག་ཆགས་པར་ནུས་པ་གལ་ཆེན་ཐོན་ཐུབ་བོ།

    (ལྷ་ས་གྲོང་ཁྱེར་པེ་ཅིང་སློབ་ཆུང་གི་ཚེ་ཆོས)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།