“གྲངས་གཞིའི་འབྲེལ་ཟམ”བཏོད་ནས“སྟབས་བདེའི་སྨན་བཅོས”ལ་མཐུན་རྐྱེན་སྦྱར་བ།
དཔལ་མགོན་རྫོང་གི་སྨན་བཅོས་ཆ་འཕྲིན་ཅན་འཛུགས་སྐྱོང་སྐོར་གྱི་ཆེད་བྲིས།
“སྔོན་ཆད་སྨན་ཁང་དུ་བསྡད་ནས་སྨན་རིན་རྩིས་རྒྱག་སྐབས་ཆུ་ཚོད་གཅིག་ལྷག་ཙམ་འགོར་མོད། འོན་ཀྱང་ད་ཆ་ཆུ་ཚོད་ཕྱེད་ཀའི་ནང་འགྲོ་ལུགས་ཚང་མ་གཉེར་ཚར་ཏེ་སྤ་སེ་ཁྱེར་ནས་ཕར་འགྲོ་ཚུར་རྒྱུག་བྱེད་དགོས་ཀྱི་མི་འདུག”ཅེས་སྨན་ཁང་ནས་དོན་པའི་འགྲོ་ལུགས་གཉེར་ཟིན་པའི་དཔལ་མགོན་རྫོང་གི་མང་ཚོགས་བཀྲ་ཤིས་ཀྱིས་སྨན་ཁང་གི་སྨན་རིན་རྩིས་རྒྱག་བརྒྱུད་རིམ་སྐོར་ལ་བསྔགས་བརྗོད་ཡང་ཡང་བྱེད་བཞིན་བཤད། དཔལ་མགོན་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་དང་ཀྲེ་ཅང་ཞིང་ཆེན“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་དཔོན་ཀྲུའུ་ཧྥུང་གིས། འགྱུར་ལྡོག་དེ་གཙོ་བོ་དཔལ་མགོན་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་དང་ཀྲེ་ཅང་བོད་སྐྱོར་གྱི་མཛུབ་ཁྲིད་འོག དཔལ་མགོན་རྫོང་མི་དམངས་སྨན་ཁང་གིས་སྨན་བཅོས་གཅིག་མཐུན་ཚོགས་པའི་ལྟེ་བའི་སྨན་ཁང་གིས་ལག་ལེན་བསྟར་ནས་སྐུལ་འདེད་བཏང་བའི་ཆ་འཕྲིན་ཅན་གྱི་སྒྱུར་བཅོས་ལས་བྱུང་བ་ཞིག་ཡིན་པ་སྟེ། དྲ་ཐོག་ནས་གྲངས་གཞི་བསྡུ་སྒྲིལ་དང་རྩིས་རྒྱག་བརྒྱུད་རིམ་སྟབས་བདེ་རུ་བཏང་སྟེ། སྨན་ཁང་དུ་སྡོད་མཁན་ནད་པའི་ཉིན་རེའི་ཆ་སྙོམས་སྨན་རིན་རྩིས་རྒྱག་པའི་དུས་ཚོད་ཆུ་ཚོད་1ནས་སྐར་མ་30ཡི་ནང་ཚུན་ཐུང་དུ་བཏང་བས་ལས་ཕྱོད་ལྡབ་འཕར་བྱུང་ཡོད་ཅེས་ངོ་སྤྲོད་བྱས།
སྒོ་བསྟེན་སྨན་བཅོས་ཞབས་ཞུར་ཡང“མྱུར་གཏོང་རིམ་སྤོར” བྱུང་ཞིང་། མང་ཚོགས་ཀྱིས་ལབ་གླེང་མང་པོ་བྱེད་པའི་ཨང་ཐོ་བཀོད་པའི་དུས་ཚོད་དང་། གྲོན་དངུལ་འཇལ་བའི་དུས་ཚོད། སྨན་བཅོས་སྒུག་པའི་དུས་ཚོད་བཅས་རིང་བའི་གནད་དོན་ལ་དམིགས་ནས། སྨན་ཁང་གིས་དྲ་ཐོག་ཆ་འཕྲིན་ཅན་གྱི་དོ་དམ་མ་ལག་བཏོན་ནས་ནད་པའི་ཆ་སྙོམས་སྨན་བཅོས་དུས་ཚོད་སྐར་མ་45ནས་སྐར་མ་25བར་ཐུང་དུ་བཏང་སྟེ། “ཕར་འགྲོ་ཚུར་རྒྱུག་ཉུང་བ་དང་། ནད་གཞི་མགྱོགས་ཙམ་ལྟ་བ”དེ་ས་གནས་དེ་གའི་སྨན་བཅོས་ཀྱི་རྒྱུན་རྣམ་གསར་པར་གྱུར་ནས། ནད་པའི་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
ནུས་ཕྱོད་ཆེ་རུ་སོང་བ་དང་སྦྲགས། སྨན་ཁང་གིས་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས་སྨན་བཅོས་ཀྱི་བདེ་འཇགས་འགོག་རགས་བརྟན་དུ་ཕྱིན་ཡོད། 2021ལོར་སྨན་ཁང་གིས་དྲ་ཐོག་ནས་ནད་ཐོར་རིམ་གསུམ་དཔྱད་ཞིབ་བདེ་བླག་བྱས་ཤིང་། ད་ཆ་ཚད་ལྡན་ཅན་གྱི་བརྒྱུད་རིམ་དོ་དམ་ལས་སྟེགས་བཏོད་པ་བརྒྱུད། སྨན་བཅོས་བརྒྱུད་རིམ་ཧྲིལ་པོའི་ཆ་འཕྲིན་ཅན་གྱི་སྤུས་ཚད་ལ་ཚོད་འཛིན་ཐུབ་པ་དང་མིས་བཀོལ་སྤྱོད་བྱས་ནས་བྱུང་བའི་ནོར་འཁྲུལ་ཉུང་དུ་ནུས་ལྡན་སོང་སྟེ་སྨན་བཅོས་ཐད་ནོར་འཛོལ་བྱུང་ཚད་ཇེ་ཆུང་དུ་ཕྱིན་ཡོད།
རྫོང་ཁོངས་ཀྱི་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་དོ་སྙོམས་པོ་མེད་པའི་གནད་དོན་སེལ་ཆེད། སྨན་ཁང་གིས་ཀྲེ་ཅང་བོད་སྐྱོར་ཚོགས་པའི་གཞོགས་འདེགས་འོག ས་ཁོངས་སྨན་བཅོས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཐོན་ཁུངས་བསྡུ་སྒྲིལ་བརྒྱུད“གྲངས་གཞིའི་འབྲེལ་ཟམ”བཏོད་པ་སྟེ། ཕྱོགས་གཅིག་ནས་བོད་རང་སྐྱོང་ལྗོངས་ཀྱི་རྒྱང་བསྟེན་སྨན་བཅོས་ཞབས་ཞུའི་ལས་སྟེགས་དང་སྦྲེལ་མཐུད་བྱས་ཏེ་རྫོང་སྨན་ཁང་གི་རིགས་གཅིག་མཁས་ཅན་དང་ཐ་ན་ཀྲེ་ཅང་ཐའེ་ཀྲོའུ་ཡི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་རིགས་གཅིག་མཁས་ཅན་གྱི་སྨན་བཅོས་ཞབས་ཞུ་ཐག་རིང་ཤང་གི་འཕྲོད་བསྟེན་ཁང་དུ་སྣུར་སྲིང་བྱས་པ་ལས་མང་ཚོགས་ཚོས“ས་ཐག་རིང་པོར་ནད་གཞི་ལྟ་བར་འགྲོ་བའི”གནད་དོན་ཐག་གཅོད་ཐུབ་ཡོད། ཕྱོགས་གཞན་ཞིག་ནས་ནག་ཆུ་གྲོང་ཁྱེར་གྱི་དམངས་ཡོངས་བདེ་ཐང་ལས་སྟེགས་དང་སྦྲེལ་མཐུད་གཏིང་ཟབ་བྱས་ཏེ། གྲོང་ཁོངས་ནང་ཁུལ་དུ་སྨན་བཅོས་གྲངས་གཞི་ཁག་གཅིག་མཉམ་སྤྱོད་བྱས་པ་བརྒྱུད། སྨན་བཅོས་སྒྲིག་གཞིའི་“ཆ་འཕྲིན་ཁེར་རྐྱང”གི་གནད་དོན་ཐག་གཅོད་ཐུབ་ནས་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་དེ་བས་ནུས་ཆེ་དང་ཞབས་ཞུ་དེ་བས་ཡོངས་ཁྱབ་བྱུང་ཡོད།
ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རིང་། སྨན་ཁང་གིས་ཐོག་མཐའ་བར་གསུམ་དུ་གྲངས་གཞིའི་བདེ་འཇགས་དང་སྒྲིག་མཐུན་དོ་དམ་གྱི་གནས་བབ་ཨང་དང་པོར་བཞག་པ་སྟེ། རིམ་མང་དབང་ཚད་དོ་དམ་མ་ལག་བཙུགས་ནས་ལས་གནས་གཞིར་བཟུང་གྲངས་གཞིའི་བློ་འདྲིའི་དབང་ཚད་གནད་སྨིན་བགོས་ཏེ། འབྱུང་རྩ་ནས་དབང་བསྐུར་མ་ཐོབ་པར་བཀོལ་སྤྱོད་བྱས་པའི་གནས་ཚུལ་མ་ཐོན་སྔོན་འགོག་བྱས་ཡོད། སྔོན་ཐོན་གྱི་ཚགས་ཚུད་ལག་རྩལ་ལ་བརྟེན་ནས་ནད་པའི་གྲངས་གཞི་བརྒྱུད་འདྲེན་དང་ཉར་ཚགས་བྱེད་རིང་གི་བདེ་འཇགས་ལ་འགན་ལེན་གྱིས་ཆ་འཕྲིན་ཕྱིར་གྱར་བའི་ཉེན་ཁ་མེད་པར་བཟོས་ཡོད།
དེས་མ་ཚད། སྨན་ཁང་གི་མི་རྒྱུ་དངོས་གསུམ་སོགས་སྡེ་ཚན་མང་པོ་ཕན་ཚུན་མཉམ་དུ་ལས་ཀ་བྱས་པ་བརྒྱུད། སྲིད་འཛིན་ལས་དོན་ཐག་གཅོད་དུས་ཚོད་30%བར་ཐུང་དུ་སོང་བ་དང་ཞིབ་ལས་ཅན་གྱི་དོ་དམ་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་སྟེ། སྨན་ཁང་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་འདིང་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།