དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • བོད་ཀྱི་བརྡ་སྤྲོད་ལས་རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་དོན་སྦྱོར་སྐོར་ལ་རགས་ཙམ་དཔྱད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-12

    སྔར་ནས་ད་བར། བོད་ཀྱི་སུམ་རྟགས་ཀྱི་རྩ་བར་འགྲེལ་པ་རྒྱག་མཁན་ཧ་ཅང་མང་པོ་བྱུང་ཡོད་ལ། མཁས་པ་སོ་སོའི་བཞེད་པ་ལའང་མི་འདྲ་བའི་ཆ་མང་པོ་ཡོད། འདིར་རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་དོན་སྦྱོར་གྱི་སྐོར་ལ་མཁས་པ་སོ་སོའི་དགོངས་པ་འགྲེལ་ཚུལ་མི་འདྲ་བ་འགའ་མདོར་ཙམ་དྲངས་ཏེ་དཔྱད་པར་བྱའོ།

    དང་པོ། འབྲེལ་སྒྲའི་དོན་སྦྱོར་ཐད་ཀྱི་མཁས་པ་སོ་སོའི་བཞེད་པ་མི་འདྲ་བ་སྤྱིར་བསྟན་པ།

    ཐོན་མིའི་སུམ་ཅུ་པའི་རྩ་བར། རྗེས་འཇུག་ཡི་གེ་བཅུ་པོ་ནི། །ཨི་དང་མཐུན་ལུགས་འདི་ཞེས་བྱ། །དང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །བདུན་པ་ཉིད་ལ་བདུན་པ་སྟེ། །ལྷག་མ་རྣམས་ལ་གྱ་སྦྱར་བ། །དེ་དག་ཨི་སྦྱར་འབྲེལ་བའི་ས། །ཞེས་ཚིག་རྐང་བདུན་གྱིས་འབྲེལ་སྒྲའི་ཕྲད་ཀྱི་སྦྱོར་ཚུལ་ཇི་ལྟར་ཡིན་པ་བསྟན་པ་དང་། ཕྲད་དེ་དག་ནི་འབྲེལ་གཞི་འབྲེལ་ཆོས་སམ། ཚིག་སྔ་ཕྱི་ཕན་ཚུན་འབྲེལ་བ་སྟོན་པས་འབྲེལ་སྒྲ་ཞེས་ཐོགས་པ་ལས། འབྲེལ་སྒྲ་ལ་ནང་གསེས་དབྱེ་བ་གང་ཡོད་མེད་ཁ་གསལ་བསྟན་མེད།

    དེ་ལྟར་སྔར་གྱི་སུམ་རྟགས་འགྲེལ་བྱེད་མཁས་པ་ཚོས་སློབ་དཔོན་གྱིས་སུམ་ཅུ་པར་བསྟན་པའི་འབྲེལ་སྒྲའི་ཕྲད་ཀྱི་སྦྱོར་ཚུལ་རྣམས་བསྟན་པ་ལས་དོན་སྦྱོར་ལ་ནང་གསེས་སྣ་མིན་སྣ་ཚོགས་སུ་ཕྱེ་སྟེ་བརྗོད་མཁན་སྤྱིར་ན་མེད་ཀྱང་། དུས་ཕྱིས་ཀྱི་མཁས་པ་ཚོས་འབྲེལ་སྒྲའི་དོན་སྦྱོར་བཤད་སྐབས་གོ་བདེ་ཡོང་ཆེད་དུ་ནང་གསེས་སྣ་ཚོགས་སུ་བཀྲལ་ནས་བརྗོད་སྲོལ་ཞིག་བྱུང་ཡོད། འདིར་འབྲེལ་སྒྲའི་དོན་སྦྱོར་སྐོར་ལ་མཁས་པ་རྣམས་ཀྱི་ནང་གསེས་འཇོག་ཚུལ་མདོ་ཙམ་ཞིག་ཞུས་ན།

    མཁས་པ་ཁ་ཅིག་གིས། འབྲེལ་བ་ཡིན་ན་ཁྱད་གཞི་ཁྱད་ཆོས་ཀྱི་འབྲེལ་བ་ཡིན་པར་འདོད་པ། ཁ་ཅིག་གིས། མིང་དང་མིང་གི་འབྲེལ་བ། མིང་དང་དོན་གྱི་འབྲེལ་བ། དོན་དང་དོན་གྱི་འབྲེལ་བ་གསུམ་དུ་འདོད་པ། ཁ་ཅིག་གིས། གཞི་མཐུན་གྱི་འབྲེལ་སྒྲ་དང་། གཞི་མཐུན་མིན་པའི་འབྲེལ་སྒྲ་གཉིས་སུ་འདུ་བར་བཤད། ཁ་ཅིག་གིས། བདག་གཅིག་འབྲེལ་དང་། དེ་བྱུང་འབྲེལ་གཉིས་སུ་འདོད་པ། ཁ་ཅིག་གིས། ངོ་བོ་གཅིག་པའི་འབྲེལ་བ་དང་། ངོ་བོ་ཐ་དད་ཀྱི་འབྲེལ་བ་སོགས་ཡོད། དེ་ལས་ཀྱང་། 《ཐོན་མིའི་ཞལ་ལུང》དུ། འབྲེལ་སྒྲའི་དོན་སྦྱོར་སྐབས་སུ། ཁྱད་གཞི་དང་ཁྱད་ཆོས་ཀྱི་འབྲེལ་བ་དང་། ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ། རྟེན་དང་བརྟེན་པའི་འབྲེལ་བ། རྒྱུ་དང་འབྲས་བུའི་འབྲེལ་བ་བཅས་སུ་དབྱེ་ཡོད་ལ། བསྟན་གོས་བརྩམས་པའི《བོད་ཀྱི་བརྡ་སྤྲོད་ལ་འཇུག་པའི་སྒོ་སུམ་ཅུ་པ》ཞེས་པར། འབྲེལ་སྒྲ་ལ་བདག་ཉིད་གཅིག་པའི་འབྲེལ་བ་དང་། ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ། བདག་པོ་དང་ཡུལ་གྱི་འབྲེལ་བ་བཅས་སུ་དབྱེ་བ། དངུལ་ཆུ་དྷརྨ་བྷ་དྲས་བརྩམས་པའི《སི་ཏུའི་ཞལ་ལུང》དུ། འབྲེལ་བ་ལ་རྟེན་དང་བརྟེན་པའམ། ཡན་ལག་དང་ཡན་ལག་ཅན་སོགས་མིང་དོན་ཕན་ཚུན་འབྲེལ་བ་བརྗོད་པའི་དོན་ཅན་གྱི་སྒྲ་ཡིན་པས་རྣམ་དབྱེ་དྲུག་པ་འབྲེལ་བའི་སྒྲ་ཞེས་བྱའོ་ཞེས་འཁོད་ཡོད།

    གཞན་ཡང་། 《བརྡ་སྤྲོད་གཙུག་ལག་ངག་གི་ཐིག་ལེ》ཞེས་པར། དྲུག་སྒྲས་བསྟན་པའི་འབྲེལ་བ་ལ་མང་དུ་ཡོད་དེ། བདག་ཉིད་གཅིག་པའི་འབྲེལ་བ་དང་། རྒྱུ་དང་འབྲས་བུའི་འབྲེལ་བ། རྗེ་དང་ཁོལ་པོའི་འབྲེལ་བ། སྤྱད་བྱ་སྤྱོད་བྱེད་ཀྱི་འབྲེལ་བ། བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་བ། ཆ་དང་ཆ་ཅན་གྱི་འབྲེལ་བ། རྟེན་དང་བརྟེན་པའི་འབྲེལ་བ། ཡུལ་དང་ཡུལ་ཅན་གྱི་འབྲེལ་བ་སོགས་ཤིན་ཏུ་མང་ངོ་། །ཞེས་འཁོད་ཡོད།

    《བརྡ་སྤྲོད་བློ་གསར་ཉེར་མཁོ》ལས། འབྲེལ་སྒྲའི་དོན་སྦྱོར་ལ་དབྱེ་ན། ངོ་བོ་བདག་གཅིག་གི་འབྲེལ་བ་དང་། རྟེན་དང་བརྟེན་པའི་འབྲེལ་བ། ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ། བདག་པོ་དང་རྫས་ཀྱི་འབྲེལ་བ། རྒྱུ་འབྲས་ཀྱི་འབྲེལ་བ། ཁྱད་གཞི་ཁྱད་ཆོས་ཀྱི་འབྲེལ་བ་སོགས་ཀྱི་དབྱེ་བ་ཡོད་པས་དོན་བསྡུས་ན། བདག་གཅིག་འབྲེལ་དང་དེ་ལས་དེ་བྱུང་འབྲེལ་གཉིས་སུ་བསྡུ་བར་གསུངས། 《སུམ་རྟགས་ཀྱི་སྙིང་འགྲེལ་ལེགས་བཤད་འདྲེན་པའི་ཕོ་ཉ》ཞེས་པར། འབྲེལ་སྒྲའི་དོན་ཞིབ་མོར་དབྱེ་ན། རྟེན་དང་བརྟེན་པའི་འབྲེལ་སྒྲ་དང་། ངོ་བོ་གཅིག་པའི་འབྲེལ་སྒྲ། གཞི་མཐུན་གྱི་འབྲེལ་སྒྲ། ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་སྒྲ། ཆོས་དང་ཆོས་ཅན་གྱི་འབྲེལ་སྒྲ། བདག་པོ་དང་དངོས་པོའི་འབྲེལ་སྒྲ་སོགས་མང་དུ་ཡོད་དོ། །ཞེས་གསུངས་ཡོད།

    《བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས》སུ་འཁོད་པ་ལྟར་ན། དེ་ཡང་འབྲེལ་བ་ལ་བདག་ཉིད་གཅིག་པའི་འབྲེལ་བ་དང་། ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ། བདག་པོ་དང་ཡུལ་གྱི་འབྲེལ་བ། རྟེན་དང་བརྟེན་པའི་འབྲེལ་བ་བཅས་བཞི་ཡོད་ཅེས་གསུངས་ཡོད། 《བརྡ་སྤྲོད་བློ་གསལ་དགའ་སྟོན》དུ། འབྲེལ་བ་ལ་དབྱེ་ན། ཆ་དང་ཆ་ཅན་གྱི་འབྲེལ་བ་དང་། ཁྱད་གཞི་དང་ཁྱད་ཆོས་ཀྱི་འབྲེལ་བ། ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ། རྟེན་དང་བརྟེན་པའི་འབྲེལ་བ། རང་བཞིན་དང་རང་བཞིན་ཅན་གྱི་འབྲེལ་བ། རྒྱུ་དང་འབྲས་བུའི་འབྲེལ་བ། དེ་བྱུང་འབྲེལ་གྱི་འབྲེལ་བ། བདག་པོ་དང་བདག་པོ་ཅན་གྱི་འབྲེལ་བ། ཡུལ་དང་ཡུལ་ཅན་གྱི་འབྲེལ་བ། འབྱུང་ཁུངས་དང་འབྱུང་ཁུངས་ཅན་གྱི་འབྲེལ་བ་བཅས་ཁག་བཅུ་ལ་དབྱེ་ཡོད།

    《ལེགས་བཤད་ལྗོན་དབང་དང་དཀའ་གནད་གསལ་མེའི་འགྲེལ་པ་གཟོང་ཆུང་རྣོན་པོ》རུ། གཞི་མཐུན་གྱི་འབྲེལ་བ་དང་། རྟེན་དང་བརྟེན་པའི་འབྲེལ་བ། ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ། བདག་པོ་དང་རྫས་ཀྱི་འབྲེལ་བ། རྒྱུ་འབྲས་ཀྱི་འབྲེལ་བ། ཁྱད་གཞི་ཁྱད་ཆོས་ཀྱི་འབྲེལ་བ། ངོ་བོ་བདག་གཅིག་གི་འབྲེལ་བ། ཆ་དང་ཆ་ཅན་གྱི་འབྲེལ་བ། ཡུལ་དང་ཡུལ་ཅན་གྱི་འབྲེལ་བ་བཅས་སུ་དབྱེ་བ་དང་། 《ལེགས་བཤད་ལྗོན་དབང་གི་རྣམ་བཤད་བློ་གསལ་འཇུག་སྒོ》རུ། དྲུག་སྒྲའི་དོན་སྦྱོར་གྱི་ནང་གསེས་འཇུག་ཚུལ་ནི། རང་བཞིན་གཅིག་པའི་འབྲེལ་བ་སྟོན་པ་དང་། ཡུལ་དང་ཡུལ་ཅན་གྱི་འབྲེལ་བ་སྟོན་པ། བདག་པོ་དང་རྫས་ཀྱི་འབྲེལ་བ་སྟོན་པ། ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་སྟོན་པ། ཁྱད་གཞི་དང་ཁྱད་ཆོས་ཀྱི་འབྲེལ་བ་སྟོན་པ། རྟེན་དང་བརྟེན་པའི་འབྲེལ་བ་སྟོན་པ། བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་བ་སྟོན་པ། རྒྱུ་འབྲས་ཀྱི་འབྲེལ་བ་སྟོན་པ། བྱ་བ་དང་བྱ་ཡུལ་གྱི་འབྲེལ་བ་སྟོན་པ་རྣམས་ལ་འཇུག་ཅེས་འཁོད་ཡོད།

    འདི་ལྟར་འབྲེལ་སྒྲའི་དོན་སྦྱོར་ལ་རིགས་སྣ་མིན་སྣ་ཚོགས་སུ་ཕྱེ་བ་དེ་མི་འགྲིག་པ་མེད་ནའང་། དེ་དག་ལས་དབྱེ་བ་འགའ་ཞིག་བསྡུས་ཆེ་བ་དང་། འགའ་ཞིག་རྒྱས་དྲགས་པས། ལས་དང་པོ་བ་རྣམས་ལ་ཤིན་ཏུ་ནས་མི་འཚམ་ལ་དེ་བས་ཅུང་རྙོག་འཛིང་ཆེ་བར་སྣང་།

    གཉིས་པ། ཚད་མའི་རིགས་ལམ་འབྲིང་གི་རྣམ་གཞག་ལས་བསྟན་ པའི་འབྲེལ་བའི་སྐོར།

    ཚད་མའི་རྣམ་གཞག་ཏུ་བསྟན་པའི་འབྲེལ་བའི་སྐོར་བརྗོད་སྐབས། དེ་ཡང་འབྲེལ་བ་ལ་རྣམ་པ་གཉིས་སུ་ངེས་ཏེ། བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་ལོ། དེ་ཡང་། 《ཤེས་བྱའི་རྣམ་གྲངས་བློ་གསལ་རིག་སྒོ》ལས། འབྲེལ་བ་ལ་དབྱེ་ན། བདག་གཅིག་འབྲེལ་དང་། དེ་བྱུང་འབྲེལ་གཉིས། དེ་ཡང་བདག་གཅིག་འབྲེལ་ནི། ངོ་བོ་ཐ་དད་མ་ཡིན་པའི་ཐ་དད་གང་ལས་ཐ་དད་པ་དེ་ལོག་ན་ལྡོག་པར་ངེས་པ་དེ། བདག་གཅིག་འབྲེལ་གྱི་མཚན་ཉིད། མཚན་གཞི་ནི། བུམ་པ་དང་བུམ་པའི་ལྟོ་བ་གཉིས། དེ་བྱུང་འབྲེལ་ནི། རྫས་ཐ་དད་པ་གང་ཞིག་ལས་ཐ་དད་པ་དེ་ལོག་ན་ལྡོག་པར་ངེས་པ། དེ་བྱུང་འབྲེལ་གྱི་མཚན་ཉིད། མཚན་གཞི་ནི། མེ་དང་དུ་བ་གཉིས་ལྟ་བུ་ཞེས་འཁོད་ཡོད།

    ཡང《རིགས་ལམ་འཕྲུལ་ལྡེ》ལས། ཆོས་དེ་དང་བདག་གཅིག་འབྲེལ་གྱི་མཚན་ཉིད་ཡོད་དེ། ཁྱོད་ཆོས་དེ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད། ཆོས་དེ་མེད་ན་ཁྱོད་མེད་དགོས་པའི་ཆོས་དེ་དེ་ཡིན་པའི་ཕྱིར། མཚན་གཞི་ནི། རྟག་དངོས་གཉིས་དང་། བུམ་པ་དང་བུམ་པའི་ལྡོག་པ་ལྟ་བུ། གཞི་ལ་སྦྱར་ན། དངོས་པོ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད། དངོས་པོ་མེད་ན་ཁྱོད་མེད་དགོས་པ་དེ། དངོས་པོ་དང་བདག་གཅིག་འབྲེལ་གྱི་མཚན་ཉིད། དེ་བྱུང་འབྲེལ་གྱི་མཚན་ཉིད་ཡོད་དེ། ཆོས་དེ་དང་རྫས་ཐ་དད་པའི་སྒོ་ནས་ཆོས་དེའི་འབྲས་བུའི་རིགས་སུ་གནས་པ། ཆོས་དེ་དང་དེ་བྱུང་འབྲེལ་གྱི་མཚན་ཉིད་ཡིན་པའི་ཕྱིར། མཚན་གཞི་ཡོད་དེ། དངོས་པོའི་ཕྱི་ལོགས་སུ་བྱུང་བ་རྣམས་དངོས་པོ་དང་དེ་བྱུང་འབྲེལ་ཡིན་པའི་ཕྱིར་ཞེས་འཁོད་ཡོད།

    དེ་ལྟར་ཚད་མའི་རྣམ་གཞག་ཏུ་འབྲེལ་བ་ལ་རྣམ་པ་གཉིས་སུ་དབྱེ་བ་ཡིན་པས། ཚད་མའི་རྣམ་གཞག་ཏུ་བསྟན་པའི་འབྲེལ་བ་གྲུབ་ལུགས་དེ་ནི། བོད་ཀྱི་རིགས་པའི་གཞུང་ལུགས་ཀུན་གྱི་འབྲེལ་བའི་གྲུབ་སྟངས་ཉིད་དུ་གནས་སོ།

    གསུམ་པ། འབྲེལ་སྒྲའི་དོན་སྦྱོར་རྣམས་བདག་ཅིག་འབྲེལ་དང་དེ་ བྱུང་འབྲེལ་གཉིས་སུ་བསྡུ་ཚུལ་བསྟན་པ།

    དེ་ཡང་། ཚིག་གི་འཁྲུལ་བ་ཚར་གཅོད་པར་སྒྲ་རིག་པ་དང་། དོན་གྱི་འཁྲུལ་བ་ཚར་གཅོད་པར་ཚད་མ་རིག་པ་ཟེར་བ་ལྟར། ཚིག་དོན་གཉིས་ཀྱི་འཁྲུལ་བ་ཚར་གཅོད་པ་ལ། སྒྲ་ཚད་གཉིས་ཤེས་དགོས་རྒྱུ་ནི་ཤིན་ཏུ་གནད་ཆེ་བས། སྒྲ་རིག་པའི་རྗོད་བྱེད་ཚིག་གི་སྦྱོར་བ་ལ་བརྟེན་ནས་བརྗོད་བྱ་ནང་དོན་མ་ནོར་མ་འཁྲུལ་བར་ཡོངས་སུ་བསྟན་དགོས་ལ། བརྗོད་བྱའི་ནང་དོན་མ་ནོར་མ་འཁྲུལ་བར་སྟོན་པར་ཚད་མ་རིག་པའི་རྣམ་གཞག་དེ་མ་ཤེས་ཐབས་མེད་དུ་གྱུར་ཡོད་པས། སྒྲ་ཚད་གཉིས་ནི་བརྗོད་དོན་ཞིག་མ་ནོར་མ་འཁྲུལ་ཞིང་ཁ་གསལ་གོ་བདེའི་ངང་སྟོན་པར་བྱེད་པ་ཞིག་ཡིན་ཏེ། དེ་ནི་བྱ་རྒྱལ་གྱིས་ནམ་འཕང་གཅོད་པར་གཤོག་ཟུང་ལ་བརྟེན་དགོས་པ་ལྟ་བུ་ཡིན།

    དེ་ལྟར་ཚད་མའི་རྣམ་གཞག་གི་འབྲེལ་བ་བསྟན་པའི་སྐབས་སུ་བདག་གཅིག་འབྲེལ་ནི། ཁྱད་ཆོས་དེ་དང་ངོ་བོ་གཅིག་ཏུ་འབྲེལ་ཞིང་ཆོས་དེ་མེད་ན་ཆོས་གཞན་དེ་ཡང་མེད་ངེས་པ་ཞིག་ལ་བདག་གཅིག་ཏུ་འབྲེལ་བའི་འབྲེལ་བ་གྲུབ་པ་དང་། དེ་བྱུང་འབྲེལ་ནི། ཁྱོད་ཆོས་དེ་དང་བདག་ཉིད་ཐ་དད་གང་ཞིག ཆོས་དེ་མེད་ན་ཁྱོད་འབྱུང་མི་སྲིད་པའི་འབྲེལ་བར་གྲུབ་པ་ཞིག་ཡིན།

    སྔར་གྱི་མཁས་པས་གསུངས་པའི་རྣམ་དབྱེ་དྲུག་པའི་དོན་སྦྱོར་སྐོར་ལ་བཞེད་པ་མི་མཐུན་པ་མང་ཡང་། དེ་དག་བདག་ཉིད་གཅིག་པ་དང་། དེ་བྱུང་འབྲེལ་གྱི་ཁོངས་སུ་བསྡུ་མི་ཐུབ་པ་གཅིག་ཀྱང་མེད་དེ། དེ་ཡང་བདག་ཉིད་གཅིག་པའི་ཁོངས་སུ། རང་བཞིན་གཅིག་པའི་འབྲེལ་བར་དཀར་པོའི་ཁ་དོག་ལྟ་བུ་དང་། ཆ་ཅན་དང་ཆ་ཤས་ཀྱི་འབྲེལ་བར་ཁབ་ཀྱི་རྩེ་མོ་ལྟ་བུ། ཡན་ལག་དང་ཡན་ལག་གི་འབྲེལ་བར་བྱ་ཡི་གཤོག་པ་ལྟ་བུ། ཁྱད་གཞི་དང་ཁྱད་ཆོས་ཀྱི་འབྲེལ་བར་བོད་ལྗོངས་ཀྱི་མཛེས་སྡུག་ལྟ་བུ། གཞི་མཐུན་གྱི་འབྲེལ་བར་གསེར་གྱི་བུམ་པ་ལྟ་བུ་དང་། གཞན་ཡང་། བརྗོད་བྱ་རྗོད་བྱེད་ཀྱི་སྒོ་ནས་ཚད་མའི་བསྟན་བཅོས་ལྟ་བུ་ནི་བདག་ཉིད་གཅིག་པའི་འབྲེལ་བའི་ཁོངས་སུ་གཏོགས།

    ཡང་དེ་བྱུང་འབྲེལ་གྱི་ཁོངས་སུ། རྒྱུ་དང་འབྲས་བུའི་འབྲེལ་བར་འབྲི་ཡི་འོ་མ་ལྟ་བུ་དང་། འབྱུང་ཁུངས་ཀྱི་འབྲེལ་བར་རྒྱ་ནག་གི་དཀར་ཡོལ་ལྟ་བུ། རྟེན་དང་བརྟེན་པའི་འབྲེལ་བའི་སྤང་སྟེང་གི་ནོར་ལུག་ལྟ་བུ། བདག་རྫས་ཀྱི་འབྲེལ་བར་བཀྲ་ཤིས་ཀྱི་རླངས་འཁོར་ལྟ་བུ། ཡུལ་དང་ཡུལ་ཅན་གྱི་འབྲེལ་བར་ནགས་གསེབ་ཀྱི་དོམ་ལྟ་བུ། སྤྱད་བྱ་སྤྱོད་བྱེད་ཀྱི་འབྲེལ་བར་ལྷའི་ལོངས་སྤྱོད་ལྟ་བུ། རྗེ་དང་ཁོལ་པོའི་འབྲེལ་བར་མིའི་དབང་པོ་ལྟ་བུ་ཡིན་ཞིང་། དེ་དག་ནི་དེ་བྱུང་འབྲེལ་གྱི་ཁོངས་སུ་གཏོགས།

    བརྡ་སྤྲོད་ལ་སློབ་གཉེར་བྱེད་མཁན་གྱི་ལས་དང་པོ་བ་རྣམས་ལ་བདག་ཉིད་གཅིག་པ་དང་དེ་བྱུང་འབྲེལ་ཞེས་འབྲེལ་བ་ལ་རིགས་གཉིས་སུ་ཕྱེ་སྟེ་བསླབས་ན་ཁ་གསལ་གོ་བདེ་བ་དང་། དེ་ནས་རིམ་བཞིན་ནང་དོན་རྒྱ་བསྐྱེད་དེ་བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་གྱི་ནང་གསེས་ཀྱི་དབྱེ་བ་འཇོག་ཚུལ་བསླབས་ན་ལེགས་པར་མཐོང་། དེ་ལྟར་བྱས་ན། བོད་ཀྱི་རིག་གཞུང་དག་ཕན་ཚུན་གཅིག་ལ་གཅིག་འབྲེལ་ལྟ་བུ་ཡིན་པ་རྟོགས་ཐུབ་ལ། དེ་མིན་བརྡ་སྤྲོད་སྐབས་ཀྱི་འབྲེལ་བ་དང་། ཚད་མའི་གཞུང་གི་འབྲེལ་བ་ཞེས་ཕན་ཚུན་འབྲེལ་བ་མེད་པ་ལྟ་བུའམ། རིག་ཚན་ཐ་དད་ལྟ་བུ་ཞིག་རེད་བསམ་པའི་ཐེ་ཚོམ་སེལ་ངེས། མདོར་ན། བརྡ་སྤྲོད་གཞུང་དུ་བསྟན་པའི་དོན་མང་པོ་ཞིག་ཚད་མའི་གཞུང་དུའང་བསྟན་ཡོད་པས། སྒྲ་རིག་པ་དང་ཚད་མ་རིག་པ་གཉིས་ཚིག་དོན་གཉིས་ཀྱི་འཁྲུལ་བ་ཚར་གཅོད་བྱེད་པའི་རིག་པ་ཡིན་ཏེ། འཇམ་མགོན་ས་སྐྱ་པཎྜི་ཏས། ཐོག་མར་སྒྲ་ལ་མཁས་པ་ཡིས། །ཚིག་དོན་རྣམ་པར་ཕྱེ་སྟེ་བསྟན། །དེ་ནས་དོན་ལ་མཁས་པ་ཡིས། །ལྷག་ཆད་འཁྲུལ་བ་མེད་པར་བཤད། །ཅེས་གསུངས་པ་ལྟར་ཡིན་ནོ།

    (ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་གི་ཆོས་འཛོམས)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།