སློབ་ཆུང་སློབ་མར་ཀུན་སྤྱོད་སློབ་གསོ་གཏོང་བའི་གལ་ཆེའི་རང་བཞིན་སྐོར་རགས་ཙམ་གླེང་བ།
བྱིས་པ་ནི་མི་རིགས་ཀྱི་རེ་བ་དང་མེས་རྒྱལ་གྱི་མ་འོངས་པའི་བདག་པོ་ཡིན། ལོ་ཆུང་བྱིས་པ་རྣམས་ལ་ཁོང་ཚོའི་ལོ་ཚོད་དང་འཚམ་པའི་ཀུན་སྤྱོད་སློབ་གསོ་གཏོང་བ་དང་། ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་ཁོང་ཚོའི་སྤྱོད་ལམ་ཇེ་ལེགས་སུ་གཏོང་བ་ནི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ནས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་བའི་ཐབས་ཇུས་གལ་ཆེན་ཞིག་ཡིན། དེར་མ་ཟད། ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་སྙན་སྒྲོན་ནང་དུ“ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བ”དེ་སློབ་གསོའི་རྩ་དོན་དུ་འཛིན་དགོས་ཞེས་གཏན་འཁེལ་གནང་ཡོད་པས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་ཞིག་ཡིན་རུང་ཀུན་སྤྱོད་སློབ་གསོར་དོ་སྣང་བྱེད་དགོས་པ་གསལ་པོར་བསྟན་ཡོད། ཀུན་གྱིས་ཤེས་གསལ་ལྟར། འཛིན་བདག་དགེ་རྒན་ནི་སློབ་མ་དང་འབྲེལ་འདྲིས་ཆེས་ཟབ་པའི་སློབ་གསོའི་ལས་དོན་པ་ཞིག་ཡིན་པ་དང་། མི་རིགས་དར་རྒྱས་གཏོང་བའི་རེ་བ་ནི་སློབ་གསོ་ཡིན་ལ། སློབ་གསོ་དར་རྒྱས་གཏོང་བའི་རེ་བ་ནི་དགེ་རྒན་ལ་ཐུག་ཡོད་ཅེས་བརྗོད་པ་བཞིན། དགེ་རྒན་གྱི་གཏམ་སྤྱོད་དང་སློབ་གསོ་གཏོང་སྟངས། འདུ་ཤེས་འཛིན་སྟངས་བཅས་ཀྱིས་སློབ་མ་རྣམས་ལ་དངོས་ཤུགས་གང་རུང་ནས་བག་ཆགས་དང་ཤུགས་རྐྱེན་ཟབ་མོ་ཐེབས་བཞིན་ཡོད། ནམ་རྒྱུན་སློབ་མ་རྣམས་དང་འབྲེལ་འདྲིས་ཟབ་མོ་ཡོད་པའི་སློབ་ཆུང་གི་འཛིན་བདག་དགེ་རྒན་ཚོས་ལས་ཀའི་ཁྲོད་དུ་ཀུན་སྤྱོད་སློབ་གསོའི་ནང་དོན་གཙོ་བོར་བཟུང་ནས། སློབ་མ་རྣམས་ལ་ཀུན་སྤྱོད་སློབ་གསོའི་གལ་ཆེན་རང་བཞིན་དང་ཀུན་སྤྱོད་སློབ་གསོའི་དགོས་པ་སོགས་བརྗོད་པ་དང་། སློབ་མ་རྣམས་ལ་སྤྲོ་སྣང་ལྡན་པའི་སློབ་སྦྱོང་གི་ཁོར་ཡུག་དང་ཡ་རབས་སྤྱོད་བཟང་གི་འཚར་ལོངས་ཀྱི་ཁོར་ཡུག་ཅིག་གཏོད་ཚེ། སློབ་མ་རེ་རེ་སྤྱོད་ཡོན་གཉིས་ལྡན་ངང་འཚར་ལོངས་ཡོང་བ་དང་། ལྷག་པར་དུ་སློབ་མའི་རྒྱུད་ལ་ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་གྲུབ་ནས་རྒྱལ་ཁབ་དང་མི་དམངས་ལ་ཕན་པའི་མི་སྣ་སྐྱོང་བར་རྨང་གཞི་འདིང་ཐུབ། དེས་ན། འདིར་རང་གི་མི་ལོ་བཅུ་ཕྲག་གི་སློབ་གསོ་སློབ་ཁྲིད་དང་། འཛིན་བདག་གི་ལས་ཀའི་མྱོང་བ་དངོས་དང་ཟུང་འབྲེལ་གྱིས་སློབ་ཆུང་གི་འཛིན་གྲྭའི་དོ་དམ་ཁྲོད་ཀྱི་ཀུན་སྤྱོད་སློབ་གསོའི་གལ་ཆེའི་རང་བཞིན་སྐོར་ཅུང་ཟད་གླེང་བར་འདོད།
དེ་ཡང་། རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་བསྒྲིགས་པའི《སློབ་ཆུང་གི་ཀུན་སྤྱོད་སློབ་གསོའི་རྩ་གནད》ནང་། “སློབ་ཆུང་གི་ཀུན་སྤྱོད་སློབ་གསོའི་དམིགས་ཚད་གསལ་པོར་བསྟན་ཡོད་པ་ནི། ཀྲུང་ཧྭ་མི་རིགས་ཡོངས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་གོང་མཐོར་གཏོང་བ་དང་། དང་ཐོག་མར་སློབ་མ་རྣམས་མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། ངལ་རྩོལ་ལ་དགའ་ཞེན། ཚན་རིག་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་བརྩེ་དུང་ལྡན་པ་དང་ཡ་རབས་ཀྱི་སྤྱོད་པས་ཕྱུག་པ། བསམ་པ་བཟང་པོ་དང་གྲུང་ཤ་དོད་པོ། རང་གིས་རང་ལ་སྟངས་འཛིན་བྱེད་ཤེས་པ་བཅས་ཡིན་དགོས”ཞེས་བསྟན་པ་ལྟར། སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་བསྟུན་ནས་སློབ་གསོའི་དགོས་མཁོ་དང་གལ་ཆེའི་རང་བཞིན་ཡང་ཇེ་ཆེར་འགྲོ་བཞིན་ཡོད་ལ། སློབ་ཆུང་སློབ་མ་ནི་མི་ཚེའི་འགྲུལ་བཞུད་ཀྱི་གོམ་པ་དང་པོ་ལྟ་བུ་ཡིན་པས། མི་ཞིག་གི་མི་ཚེ་ཧྲིལ་པོའི་ཤེས་བྱའི་མ་ལག་དང་མི་གཞིའི་རྩ་བ་འཛུགས་པའི་དུས་སྐབས་གལ་ཆེན་ཞིག་ཡིན། སློབ་གསོ་ཞིབ་འཇུག་གི་ཁྱབ་ཁོངས་སུ་སློབ་ཆུང་རིམ་པའི་ཀུན་སྤྱོད་སློབ་གསོ་ནི་གལ་འགངས་ཧ་ཅང་ཆེ་བར་ངོས་འཛིན་བྱེད་བཞིན་ཡོད། འོ་ན་དེ་དག་ཕྱོགས་གང་གི་ཆ་ནས་མངོན་ནམ་ཞེ་ན།
དང་པོ། ཀུན་སྤྱོད་སློབ་གསོ་ནི་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བའི་སྔོན་འགྲོ་ཡིན།
སློབ་གསོ་ནི་མིའི་རིགས་དང་། རྒྱལ་ཁབ། མི་རིགས་དང་མི་སྒེར་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་དང་འཕེལ་རྒྱས་འགྲོ་བའི་གཞི་རྩ་ཡིན་ལ། བྱིས་པ་ནི་མི་རིགས་དང་རྒྱལ་ཁབ་ཀྱི་མ་འོངས་པའི་རེ་བ་ཡིན། 《སློབ་གསོ་རིག་པའི》ནང“རང་རྒྱལ་གྱི་སློབ་གསོའི་དམིགས་ཡུལ་ནི། ཕྱོགས་ཡོངས་འཕེལ་རྒྱས་ཀྱི་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཡིན”ཞེས་བསྟན་པ་དང་། སློབ་གསོ་ནི་བྱིས་པ་འཚར་ལོངས་ཡོང་བའི་གོ་རིམ་ཁྲོད་མི་འཇོན་ཐང་ཅན་ཞིག་ཏུ་འགྱུར་བའི་ལམ་གྲོགས་གལ་ཆེན་ཡིན་པ་མ་ཟད། ལྷག་པར་དུ་སློབ་ཆུང་སློབ་མའི་སློབ་གསོ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན།
ད་ལྟ་འཛམ་གླིང་ཡོངས་ཆ་འཕྲིན་ཅན་གྱི་དུས་རབས་སུ་བསླེབས་ཟིན་པས། རིག་གནས་སྣ་མང་དང་བསམ་པའི་འཁྱེར་ཕྱོགས་སྣ་ཚོགས། དེ་བཞིན་དུ་ཡུལ་སྲོལ་གོམས་གཤིས་དང་སྤྱོད་ལམ་སྣ་ཚོགས་ཀྱང་མཁའ་རླུང་བཞིན་ང་ཚོའི་འཚོ་བའི་ཁྲོད་རང་བཞིན་ངང་ཐིམ་བཞིན་ཡོད་ལ། སློབ་མ་རྣམས་ཀྱིས་གདོང་གཏོད་སའི་འཚོ་བ་དང་སློབ་སྦྱོང་གི་ཁོར་ཡུག་ཀྱང་སྔར་ལས་རྙོག་འཛིང་ཅན་དུ་འགྱུར་བཞིན་ཡོད་པས། སློབ་ཆུང་སློབ་མས་ཡང་དག་པའི་ཀུན་སྤྱོད་དང་ལེགས་ཉེས་བདེན་རྫུན་དང་བླང་དོར་དབྱེ་འབྱེད་བྱེད་པ། རང་རྐྱ་འཕེར་བའི་སྒོ་ནས་བསམ་བློ་བཏང་སྟེ། སྣ་མང་གཞི་གཅིག་ཏུ་འདུས་པའི་རིན་ཐང་ལྟ་བ་སོགས་ལ་བརྡར་ཤ་གཅོད་པ་དང་། སྤྱི་ཚོགས་ཀྱི་སྒྲིག་གཞི་དང་ཀུན་སྤྱོད་ཀྱི་ཚད་གཞི་ཡང་དག་པའི་སྒོ་ནས་ཤེས་རྟོགས་བྱས་ནས། རང་ཉིད་ལ་འཚར་ལོངས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་ཕན་ཐོགས་ཆེ།
མི་ཞིག་ལ་ཀུན་སྤྱོད་ཡག་པོ་ཞིག་ལྡན་ཚེ་བྱ་བ་ཅི་ཞིག་སྒྲུབ་ཀྱང་བདེ་བླག་ངང་འགྲུབ་ཐུབ། 《ས་སྐྱ་ལེགས་བཤད》ལས། “གལ་ཏེ་རིག་པ་ཡོད་ན་ཡང་༎ སྐྱེ་བོ་རང་བཞིན་ངན་པ་སྤང་༎ དུག་སྦྲུལ་ནོར་བུས་མགོ་བརྒྱན་ཡང་༎ མཁས་པ་སུ་ཞིག་པང་དུ་ལེན༎”ཞེས་གསུངས་པ་ལྟར། སློབ་ཆུང་གི་དུས་སུ་ཀུན་སྤྱོད་ཡག་པོ་ཞིག་ཡོད་ཚེ། དུས་ཀྱི་འཕེལ་རིམ་ཁྲོད་ནས་ཀུན་སྤྱོད་ཡག་པོ་དེ་རང་གི་འཚོ་བའི་གོམས་གཤིས་སུ་འགྱུར་ངེས། འདི་ནི་མི་རེ་གཉིས་ལ་ཕན་ཐོགས་ཡོད་པ་ཙམ་མ་ཡིན་པར། འཛིན་གྲྭ་ཧྲིལ་པོའི་ཀུན་སྤྱོད་ལ་ཤུགས་རྐྱེན་ཐེབས་ཐུབ། གལ་ཏེ་འཛིན་གྲྭ་གཅིག་གི་སློབ་མ་ཀུན་སྤྱོད་ཡག་པོ་ཡོད་ཚེ་རིམ་བཞིན་སློབ་གྲྭ་ཡོངས་དང་དེ་ནས་སྤྱི་ཚོགས་ཀྱི་ཁྱབ་ཁོངས་དང་ས་ཁོངས་ངེས་ཅན་ལ་ཤུགས་རྐྱེན་ཐེབས་ཏེ། མཐར་སྤྱི་ཚོགས་འཚོ་བའི་ཀུན་སྤྱོད་མཐོར་འདེགས་ལའང་སྐུལ་མ་གཏོང་ཐུབ་པས། ཀུན་སྤྱོད་སློབ་གསོ་ནི་སློབ་ཆུང་སློབ་མ་དག་བདེ་ཐང་ངང་འཚར་ལོངས་ཡོང་བའི་སྔོན་འགྲོ་ལྟ་བུ་ཡིན།
གཉིས་པ། ཀུན་སྤྱོད་སློབ་གསོ་ནི་སློབ་མའི་སྦྱངས་འབྲས་ལེགས་སུ་འགྲོ་བའི་རྨང་གཞི་ཡིན།
ཀུན་སྤྱོད་ཡག་པོ་ཞིག་ཡོད་པ་ནི་རང་གི་རྒྱུད་ལ་ཤེས་བྱ་ཡོན་ཏན་ཕུན་སུམ་ཚོགས་པ་ཞིག་འབྱོར་བའི་སྔོན་འགྲོ་ཡིན་ཏེ། རང་རེའི་མེས་པོ་གོང་མ་རྣམས་ཀྱིས་མི་གཞི་ཀུན་སྤྱོད་ཀྱི་ཐད་ནས་བསླབ་བྱ་གང་མང་གནང་ཡོད་དེ། དཔེར་ན། གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གིས་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་ཏུ། “ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད། །སྨྲ་བ་ཉུང་བས་ཕོག་ཐུག་གཡེང་བ་མེད། །དད་བརྩོན་དྲན་ཤེས་བརྟན་པོས་ཉིན་རེ་བཞིན། །ཡོན་ཏན་ཡར་ཚེས་ཟླ་ལྟར་འཕེལ་འགྱུར་བས། །སྒོ་གསུམ་བག་དང་ལྡན་པར་གྱིས་ཤིག་ཨང་། །”ཞེས་གསུངས་ནས་སློབ་མར་སྐད་ཆ་བཤད་ལུགས་དང་སློབ་སྦྱོང་བྱེད་སྟངས་ཀྱི་ཐད་ནས་ཁ་ཏ་བསླབ་བྱ་ཟབ་མོ་མཛད་ཡོད་པས། འཛིན་བདག་གིས་ཀྱང་འཛིན་གྲྭར་དོ་དམ་བྱེད་སྐབས་དམ་པ་ཁོང་གི་གསུངས་པ་བཞིན་དུ་སློབ་མ་རྣམས་སྐད་ཆ་བཤད་ཤེས་པ་དང་། བརྩོན་པ་རྒྱུན་རིང་བ། གུས་བཀུར་བྱེད་ཐུབ་པ་བཅས་ཀྱི་ཕྱོགས་ལ་གོ་བསྐོན་བློ་འགུག་གི་སློབ་གསོ་་དགོས། དེ་ལྟར་བྱས་ཚེ་སློབ་མ་རྣམས་ནི་བརྩོན་པ་ཆེ་བ་དང་། ངང་རྒྱུད་རིང་བ། གཤིས་རྒྱུད་འཇམ་པ། སྤྱོད་པ་ཡག་པ། སྨྲ་བ་ཉུང་བ་ཞིག་ཡོང་ཐུབ།
མི་ཞིག་ལ་ཀུན་སྤྱོད་ཡག་པོ་ཞིག་ལྡན་ཚེ་དགེ་རྒན་དང་སློབ་གྲོགས་ལ་བརྩི་བཀུར་བྱེད་ཤེས་པ་དང་། རང་གི་ཉེ་འཁོར་གྱི་མི་དང་བྱ་བ་དག་ལས་ཀྱང་ཤེས་རབ་དང་བློ་གྲོས་རྙེད་ཐུབ། དེ་ཡང་ས་སྐྱ་ལེགས་བཤད་ལས། “ཤེས་རབ་ལྡན་པས་ཉེས་པ་དག །སེལ་བར་ནུས་ཀྱི་བླུན་པོས་མིན། །”ཞེས་པ་གསུངས་པ་ལྟར་རོ། ཀུན་སྤྱོད་ཡག་པོ་ཞིག་ཡོད་ཚེ་ཤེས་རབ་དང་ལྡན་པར་འགྱུར་ཞིང་། ཤེས་རབ་དང་ལྡན་པར་གྱུར་ཚེ་ཉེས་པ་དག་སེལ་བར་ནུས། དེ་ལྟར་སློབ་སྦྱོང་བྱེད་སྐབས་ཉེས་པ་བསལ་བའམ་སྤོངས་ཐུབ་ན་རང་གི་རྒྱུད་ལ་ཡོན་ཏན་མང་པོ་ངང་གིས་འབྱོར་བ་དང་། སྦྱངས་འབྲས་ཀྱང་ཆུ་རྒྱས་གཟིངས་མཐོའི་ཚུལ་དུ་ཡར་རྒྱས་ཡོང་སྲིད་པས། ཀུན་སྤྱོད་སློབ་གསོ་ནི་སློབ་མའི་སྦྱངས་འབྲས་ལེགས་སུ་འགྲོ་བའི་རྨང་གཞི་ཡིན།
གསུམ་པ། ཀུན་སྤྱོད་བཟང་པོ་ནི་མི་ཞིག་གི་མི་ཚེ་ཧྲིལ་པོའི་རྒྱན་ཆ་ལྟ་བུ་ཡིན།
ང་ཚོས་སྤྱིར་བཏང་དུ་མི་ཞིག་གི་མི་ཚེ་ཧྲིལ་པོ་དུས་རིམ་བཞིར་དབྱེ་ཆོག་ཅིང་། དེ་ཡང་ཤིང་སྡོང་ཞིག་ལ་ཆ་བཞག་ནས་བཤད་ན། མྱུ་གུ་འབུས་པའི་དུས་རིམ་དང་། རྩ་བ་ཚུགས་པའི་དུས་རིམ། ཡལ་ག་རྒྱས་པ་དང་མེ་ཏོག་བཞད་པའི་དུས་རིམ། འབྲས་བུ་བཏགས་པའི་དུས་རིམ་བཅས་སོ། དེ་དག་ལས་སློབ་ཆུང་གི་དུས་རིམ་ནི་མྱུ་གུ་འབུས་པའི་དུས་རིམ་སྟེ། དེ་ནི་མི་ཞིག་གི་མི་ཚེའི་བརྒྱུད་རིམ་ཁྲོད་དུ་ཧ་ཅང་གནད་འགག་ཆེ་བའི་དུས་རིམ་ཞིག་ཡིན་པས་སྣང་མེད་དུ་གཏན་ནས་འཇོག་མི་རུང་། དེ་བས་ཀྱང་གལ་ཆེ་བ་ནི་མི་ཞིག་ལ་ཡོན་ཏན་ག་ཚོད་ཡོད་ནའང་མི་གཞི་ཀུན་སྤྱོད་ཡག་པོ་ཞིག་མེད་ཚེ་ནམ་གཞུག་འཁྱོངས་མི་ཐུབ་སྟེ། གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གིས་མཛད་པའི《ཤིང་གི་བསྟན་བཅོས་ལས》ལས་ཀྱང་། “ཀླད་ཆུང་རང་བཞིན་ངན་པ་ལ། །ཡོན་ཏན་ཡོད་ཀྱང་ཕན་མི་ཐོགས། །རྩ་བ་དུག་ཏུ་གནས་པ་ཡི། །མེ་ཏོག་མཛེས་ཀྱང་སུ་ལ་མཁོ། །”ཞེས་གསུངས་པ་དང་། མཁས་དབང་དོར་ཞི་གདོང་དྲུག་སྙེམས་བློ་མཆོག་གིས“ཀུན་སྤྱོད་ཀྱིས་ཤེས་ཡོན་གྱི་མི་འདང་ས་ཁ་གསབ་བྱེད་ཐུབ་མོད། འོན་ཀྱང་ཤེས་ཡོན་གྱིས་ཀུན་སྤྱོད་ཀྱི་མི་འདང་ས་ཁ་གསབ་བྱེད་མི་ཐུབ”ཅེས་གསུངས་པ་ལྟར། ཀུན་སྤྱོད་དང་མི་གཞི་ཡག་པོ་ཞིག་མེད་ན་མི་ཚེ་ཡག་པོ་ཞིག་ཡོང་མི་ཐུབ་པ་ནི་ང་ཚོའི་མཐོང་ཆོས་སུ་གྱུར་ཡོད།
དེ་ཡང་གནའ་བོའི་བོད་ཀྱི་ལོ་རྒྱུས་ཡིག་རྙིང《སུམ་པའི་མ་ཤགས་ཆེན་པོ》ལས་ཀྱང་། “བུ་ཚ་བསྐྱེད་དེ་སློབ་སྦྱོང་མ་བྱས་ན་གཏི་མུག་གི་གཞི་སྟེ། བསྐྱེད་པའི་དོན་མེད་ལ། ལྟོ་རྒྱབ་ཀྱི་གྲོན་ཆེའོ། །”ཞེས་གསུངས་ཡོད། དེས་ན། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཞེས་པ་བཞིན། མི་གཞི་ཀུན་སྤྱོད་ཡག་པོ་ཞིག་ཡོད་ཚེ་འཇིག་རྟེན་གྱི་བྱ་བ་གང་ལ་ཞུགས་ཀྱང་འབྲས་བུ་ཡག་པོ་ཞིག་ཐོབ་སྲིད་པ་དང་། མི་གཞི་དང་ཀུན་སྤྱོད་ཡག་པོ་ཡོད་ཚེ་ད་གཟོད་འཚོ་བའི་ཁྲོད་དུ་མི་གཞན་གྱི་ཡིད་ཆེས་དང་བརྩི་འཇོག་ཐོབ་སྲིད། མི་གཞི་ཡག་པོ་ནི་ནོར་བུ་ཞིག་དང་འདྲ་བས་དེ་ནི་དབང་ཆེན་དཔོན་པོས་འཕྲོག་མི་ཐུབ་ལ། ཉམ་ཆུང་འཁྱམ་པོས་བརྐུ་ག་ལ་ཐུབ། དེར་བརྟེན། མི་ཞིག་གི་ངོས་ནས་བརྗོད་ན། ཆེས་མཆོག་ཏུ་གྱུར་པ་ནི་མི་གཞི་དང་ཀུན་སྤྱོད་བཟང་པོ་དེ་ཡིན་པས། དེ་ནི་མི་ཞིག་གི་མི་ཚེ་ཧྲིལ་པོའི་རྒྱན་ཆ་ཡག་ཤོས་དེ་རེད།
(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ལྟེ་བའི་སློབ་ཆུང་གི་སྐལ་བཟང་སྒྲོལ་དཀར)
འབྲེལ་ཡོད་གསར་འགྱུར།