སློབ་མར་དཔེ་ཀློག་གི་གོམས་གཤིས་འཇགས་པར་བྱེད་ཐབས་སྐོར་མདོ་ཙམ་གླེང་བ།
དེང་གི་ཆར། དཔེ་ཀློག་ནི་བསམ་པའི་རྒྱགས་ཕྱེ་དང་འཛམ་གླིང་ལ་ལྟ་བའི་མེ་ལོང་ལྟ་བུ་ཞིག་ཡིན། སློབ་ཆུང་གི་སྐད་ཡིག་སློབ་ཁྲིད་ནི་སློབ་མའི་དཔེ་ཀློག་དང་རྩོམ་ཡིག་འབྲི་སྦྱོང་གི་སྔོན་འགྲོ་ཡིན་པས། དཔེ་ཀློག་གི་ནུས་པ་ཅུང་ཟད་མེད་ཚེ། སློབ་ཕྱིའི་སློབ་དེབ་ལྟ་བ་དང་རྩོམ་ཡིག་འབྲི་སྦྱོང་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་སྲིད་པ་ནི་ལོ་མང་གི་སློབ་ཁྲིད་ཉམས་མྱོང་ལས་ཤེས་ཐུབ། ཨའེ་དབྱིན་སི་ཐན་གྱིས“སྤྲོ་བ་དང་དགའ་ཕྱོགས་ནི་ཤེས་བྱ་ལེན་པའི་སྒུལ་ཤུགས་ཡིན”ཞེས་གསུངས་མྱོང་ཡོད། སློབ་ཆུང་གི་སློབ་མར་ཐུན་མོང་གི་དགའ་ཕྱོགས་ཤིག་ཡོད་པ་ནི་བྱིས་སྒྲུང་དང་གཏམ་རྒྱུད། མཚར་གཏམ་སོགས་ཉན་རྒྱུར་དགའ་བ་དེ་ཡིན། དེས་ན་སློབ་མའི་ལྟ་ཀློག་གི་དགའ་མོས་གསོ་སྐྱོང་བྱེད་པ་དེའང་ཐོག་མར་བྱིས་སྒྲུང་ངམ་གཏམ་རྒྱུད་དང་མཚར་གཏམ་སོགས་ནས་འགོ་བརྩམས་ན། ལྟ་ཀློག་དང་རྩོམ་ཡིག་འབྲི་སྦྱོང་གཉིས་ཀར་གཅིག་གོ་གཉིས་ཆོད་ཀྱི་ནུས་པ་ཐོན་ཐུབ།
དང་པོ། སློབ་ཕྱིའི་ལྟ་ཀློག་དང་ཟུང་འབྲེལ་གྱིས་དཔེ་ཀློག་གི་གོམས་གཤིས་འཇགས་ཐབས།
དེ་ཡང་ཐོག་མར་དགེ་རྒན་ནས་སློབ་ཚན་དང་སློབ་གསེང་གི་དུས་ཚོད་ཕྲན་བུ་སྤྱད་ནས་སློབ་མའི་སེམས་ཁམས་དང་ལོ་ན་དང་འཚམ་པའི་བྱིས་སྒྲུང་ངམ་གཏམ་རྒྱུད་བཤད་དེ། སློབ་མའི་ལྟ་ཀློག་གི་སྤྲོ་སྣང་གསོ་སྐྱོང་དང་སློབ་མར་སྐད་ཡིག་སློབ་ཁྲིད་ལ་འཇུག་པའི་ཡིད་ཀྱི་དང་བ་འདྲེན་པའི་མཐུན་རྐྱེན་བཟང་པོ་ཞིག་སྐྲུན་དགོས། བྱིས་སྒྲུང་དང་གཏམ་རྒྱུད་ཤོད་སྐབས《སྐད་ཡིག་བསླབ་ཚན་ཚད་གཞི》ལས“ཡུལ་སྣང་གི་མཛེས་པ་ལ་རེ་སྨོན་དང་། རང་བྱུང་ཁམས་དང་ཚེ་སྲོག་ལ་སེམས་ཁུར་བྱེད་པ”སོགས་ལ་མྱོང་ཚོར་ཐུབ་པ་དང་ལེགས་ཉེས་བླང་དོར་ལ་བསམ་གཞིག་བྱེད་པའི་ནུས་པ་གསོ་སྐྱོང་བྱ་ཆེད། ཞར་དང་ཞོར་དུ་སློབ་མར་དྲི་བ་འདོན་པ་དང་མཇུག་འབྲས་ཇི་འདྲ་ཡོང་བར་བསམ་བློ་གཏོང་དུ་འཇུག་དགོས་ལ། བྱིས་སྒྲུང་དང་གཏམ་རྒྱུད་དེ་ལས་སློབ་མར་གནས་ལུགས་དང་ཕན་པ་ཅི་ཞིག་ཐོབ་པ་བགྲོ་གླེང་བྱེད་དུའང་འཇུག་དགོས། གཞན་ཡང་དགེ་རྒན་ནས་བྱིས་སྒྲུང་དང་གཏམ་རྒྱུད་ཤོད་སྐབས། སྐབས་རེ་སྒྲུང་གཏམ་གྱི་དཀྱིལ་ལམ་སྙན་ཤོས་སུ་མཚམས་བཞག་ནས་སློབ་མ་སོ་སོས་ལྟ་ཀློག་བྱེད་དགོས་པའི་རེ་བ་འདོན་པ་དང་། བྱིས་སྒྲུང་དང་གཏམ་རྒྱུད་ཀྱི་དཔེ་དེབ་གང་མང་མཁོ་འདོན་བྱས་ནས་རངའགུལ་གྱིས་དཔེ་དེབ་ལྟ་བའི་གོམས་གཤིས་འཇགས་པར་ལྟ་སྐུལ་བྱེད་དགོས། དེ་ནས་རིམ་པས་སློབ་མར་རང་གི་བཀླགས་མྱོང་བའི་བྱིས་སྒྲུང་ངམ་གཏམ་རྒྱུད་དག་སློབ་ཚན་བར་གསེང་གི་དུས་ཐུང་སྐར་མ་གསུམ་ནས་ལྔ་བར་སྤྱད་ནས་མྱོང་ཚོར་གླེང་བའི་གོ་སྐབས་སྤྲོད་དགོས། ཡང་སྒོས་དཔེ་དེབ་ལྟ་ཀློག་བྱེད་སྐབས།“རང་སྣང་གིས་དཔེ་དེབ་ཀློག་པ་ཙམ་མ་ཡིན་པར་བསླབ་གཞི་དང་བསླབ་རིམ་གྱི་ཁྱད་ཆོས་དང་མཐུན་པའི་སློབ་ཕྱིའི་དཔེ་དེབ་གང་རུང་ལྟ་ཀློག་བྱེད་པའི་བརྒྱུད་རིམ་ཁྲོད་དུ་དཔའ་མཛངས་ཐབས་མཁས་ཀྱི་མི་སྣ། བླ་མེད་ཀྱི་གཤིས་སྤྱོད། མཛེས་སྡུག་རྣམ་པར་བཀྲ་བའི་ལྗོངས་བཀོད། ཡིད་དབང་འགུག་པའི་འབྱུང་རིམ་སོགས་ཀྱིས་ཡིད་དབང་འཕྲོག་པའི་ལྟ་ཀློག་གི་ཞིང་ཁམས་སུ་འདྲེན་པར”སྐུལ་འདེད་དང་མཛུབ་ཁྲིད་བྱེད་དགོས་ལ། 《སློབ་ཆུང་སྐད་ཡིག་སློབ་ཚན་དང་སློབ་ཁྲིད་གླེང་བ》ཞེས་པ་ལས། “རང་བྱུང་ཁམས་དང་ཚེ་སྲོག་ལ་དོ་སྣང་བྱེད་པ་ནི་བླ་མེད་ཀྱི་གཤིས་སྤྱོད་དང་སྙིང་སྟོབས་ཀྱི་ཚད་མཐོའི་བློ་སྦྱོང་ཡིན”པས་བདེན་ལེགས་མཛེས་གསུམ་ལ་ཡི་རངས་དང་ངན་རྫུན་བཙོག་གསུམ་སྤངས་བྱར་འཛིན་པའི་ལྟ་བ་སྐྱེད་སྲིང་གིས་དཔེ་དེབ་བཀླགས་པ་ཙམ་མིན་པར་དཔེ་དེབ་ཀློག་པར་དགའ་བ་དང་། དཔེ་དེབ་ལེགས་པོ་ཀློག་པ། དཔེ་དེབ་ཆ་ཚང་ཀློག་པ་བཅས་ཁ་མིག་བློ་གསུམ་འབྱོར་ཞིང་གསལ་དག་མྱུར་གསུམ་གྱི་དཔེ་ཀློག་གི་གོམས་གཤིས་འཇགས་པར་བྱེད་དགོས།
གཉིས་པ། སློབ་ཁྲིད་དངོས་དང་ཟུང་འབྲེལ་གྱིས་དཔེ་ཀློག་གི་གོམས་གཤིས་འཇགས་ཐབས།
《སྐད་ཡིག་བསླབ་ཚན་གྱི་ཚད་གཞི》ལས་སློབ་རིམ་དང་པོའི་ལྟ་ཀློག་གི་དམིགས་ཚད་ནི“དགའ་ཞིང་མོས་པའི་མི་སྣ་དང་བྱ་བ་ལ་རང་ཉིད་ཀྱི་མྱོང་ཚོར་དང་བསམ་ཚུལ་ཡོད་དགོས”པ་དང་། སློབ་རིམ་གཉིས་པའི་ལྟ་ཀློག་གི་དམིགས་ཚད་ནི“བརྩམས་ཆོས་ཀྱི་གསོན་ཉམས་ལྡན་པའི་སྣང་བརྙན་དང་སྙན་ཞིང་འཇེབས་པའི་ཚིག་སྦྱོར་ལ་མྱོང་ཚོར་རགས་ཙམ་སྐྱེ་ཞིང་། བརྩམས་ཆོས་ཁྲོད་ཀྱི་མི་སྣའི་ལས་དབང་དང་དགའ་སྐྱོ་ཆགས་སྡང་ལ་སེམས་ཁུར་བྱེད་པ་དང་། རང་གི་ལྟ་ཀློག་གི་མྱོང་ཚོར་གཞན་ལ་བརྗོད་ཐུབ་པ” སློབ་རིམ་གསུམ་པའི་ལྟ་ཀློག་གི་དམིགས་ཚད་ནི“རང་ཉིད་ལ་བག་ཆགས་ཟབ་པའི་གནས་ཡུལ་དང་། མི་སྣ། འབྱུང་རིམ་ཕྲ་ཞིབ་བཅས་མདོར་བསྡུས་ཀྱིས་བརྗོད་པ། རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་དང་། དད་གུས། ཡིད་སྨོན། བརྩེ་སེམས་ལ་སོགས་པའི་མྱོང་ཚོར་བརྗོད་པ”སོགས་ཡིན་པས། སློབ་མས་ནམ་རྒྱུན་ལྟ་ཀློག་ཁྲོད་ནས་བག་ཆགས་ཟབ་པ་དང་བླང་དོར་གྱི་གནས་ལུགས་རྟོགས་པ། ཁོང་ཁྲོ་དང་སྤྲོ་བ་སྟེར་བ། གདུང་སེམས་མཉམ་སྐྱེད་བྱུང་བ། ཡིད་སྨོན་དང་དད་སེམས་སྐྱེས་པ། དཔའ་ངར་དང་བློ་གྲོས་འཕེལ་བ་སོགས་རང་ཉིད་ལ་བྱུང་བའི་མྱོང་ཚོར་གཞན་ལ་ཤོད་ཐུབ་པ་ཁོ་ན་མིན་པར། ལག་པ་འགུལ་ཏེ་རྩོམ་ཡིག་འབྲི་ཐུབ་པར་བྱེད་དགོས་པས། དགེ་རྒན་ནས་དེ་འབྲེལ་གྱི་ཐབས་ལམ་དང་ཉམས་མྱོང་དམར་ཁྲིད་བྱེད་དགོས།
གསུམ་པ། རྩོམ་འབྲིའི་ལག་ལེན་དངོས་དང་འབྲེལ་ནས་དཔེ་ཀློག་གི་གོམས་གཤིས་འཇགས་ཐབས།
མྱོང་ཚོར་ནི་དོན་ངོ་མར་ཀློག་པ་པོ་ཞིག་གི་ཆེས་ཐོག་མ་དང་ཆེས་དྭངས་གཙང་གི་བསམ་ཚུལ་ཞིག་ལོས་ཡིན། ལྟ་ཀློག་ནི་སློབ་མའི་བསམ་གཞིག་གི་ནུས་པ་དང་། མཛེས་དཔྱོད་ཀྱི་མྱོང་བ་ཐོབ་པར་བྱེད་པའི་ལྡེ་མིག་ལྟ་བུ་ཡིན་ན། ལྟ་ཀློག་ལས་བྱུང་བའི་སེམས་སྐྱེད་དང་བསམ་ཚུལ་དག་ཡིག་ཐོག་ཏུ་ཕབ་པ་ནི་ལྡེ་མིག་དེས་ཕྱེ་ཐུབ་པའི་སྒོ་ལྕགས་གང་རུང་ཞིག་ཡིན་པས། བྱེད་ནུས་དང་ཕན་ཡོན་བསམ་གྱིས་མི་ཁྱབ། དེས་ན། སློབ་མས་མྱོར་ཚོར་འབྲི་བ་ནི་དཔེ་ཀློག་གི་ནང་དོན་ཕྲ་ཞིབ་དང་བརྒྱུད་རིམ་འབྲི་བ་མིན་ལ་ཡི་གེའི་གྲངས་འབོར་གསོག་པ་དེ་བས་མ་ཡིན་པར་བརྩམས་ཆོས་དེ་ལས་ཐད་ཀར་རམ་ག་ལེར་སེམས་ལ་འཆར་བའི་སྣང་བརྙན་ཕྲ་རགས་ཡིག་ཕྲེང་ཁ་ཤས་དང་ཚིག་དུམ་འགས་མཚོན་ཆོག་པ་ཞིག་ཡིན་པས། སློབ་མས་བཀླགས་ཟིན་པའི་དཔེ་དེབ་དང་བརྩམས་ཆོས་གང་ཞིག་ཡིན་རུང་ངེས་པར་དུ་ལྟ་ཀློག་གི་མྱོང་བ་འབྲི་བར་བསྐུལ་བ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་པ་དང་དེ་ལས་སློབ་མའི་དཔེ་ཀློག་གི་ཆུ་ཚད་མངོན་འོང་ལ་ལྟ་ཀློག་ལ་ནན་ཏན་དང་། བསམ་གཞིག རྒྱུས་ལོན། ཤེས་རྟོགས་ཇི་ལྟར་བྱུང་ཡོད་མེད་ཟུར་བསྟན་ལེབ་མཐོང་ཡིན། དེ་བཞིན《རྩོམ་འཇུག་རྣམ་བཤད》ལས། “རྩོམ་ཞེས་པ་ནི་རྩོམ་པ་པོས་བརྗོད་འདོད་གྱི་དོན་དེ་འདུ་ཤེས་ཀྱི་སྩོལ་བར་སྤྱད་དེ་ཡི་གེར་འབྲི་བའི་ལས་དེ་ལ་གོ”ཞེས་གསུངས་པ་བཞིན། དཔེ་ཀློག་གི་མྱོང་བ་འབྲི་བ་ཡང་ལྟ་ཀློག་གི་འདུ་ཤེས་སམ་ཚོར་འདུའི་རིན་ཐང་མངོན་པར་བྱེད་པ་ཞིག་རེད།
(བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་སློབ་གསོ་ཅུས་སློབ་དཔྱོད་ཁང་། བློ་བཟང་ཆོས་སྒྲོན)
འབྲེལ་ཡོད་གསར་འགྱུར།