ས་མཐོར་བརྩེ་སེམས་ཟབ་མོ་བཅངས། སློབ་གསོའི་ལས་ལ་ཧུར་ཐག་གཞོལ།
ལོ་82ལ་སླེབས་པའི་ཡེ་ཅིན་གྱིས་པར་དེབ་རྙིང་པ་ཞིག་ཁ་ཕྱེ་ནས་སློབ་མའི་པར་ལ་ལྟ་བཞིན“བདེ་སྐྱིད་འཛིན་གྲྭ་དེའི་སློབ་མ་རེད”ཅེས་བརྗོད་ཅིང་། འཁྲིས་སུ་ཡོད་པའི་ཅོག་ཙེའི་སྟེང་དུ་སློབ་མ་ཚོས་བསྐུར་བའི་ཚགས་ཤ་སྐམ་པོ་དང་ཇ་པ་ཏི་བཤམས་ནས་འདུག
དུས་རབས་གོང་མའི་ལོ་རབས་60པའི་དུས་འགོར་རྒྱལ་ཁབ་ཀྱིས་གཞོན་ནུ་ཤེས་ཡོན་ཅན་ཚོས་བོད་ལྗོངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བྱས། 1962ལོའི་ཟླ་8པར། ལོ་19ལ་སོན་པའི་ཡེ་ཅིན་དང་སློབ་གྲོགས་107མཉམ་དུ་ཧྲང་ཧའེ་ནས་རླངས་འཁོར་ལ་བསྡད་ནས་བོད་དུ་བཞུད།
ལམ་ཐག་སྤྱི་ལེ་3000སར་ཉིན་མཚན་15ཏག་ཏག་བསྐྱོད་ཅིང་། རླངས་འཁོར་གདང་ལ་སྒྲོལ་སྐབས་གློ་བུར་ཁ་བ་བུ་ཡུག་གི་འཇིགས་པ་འཕྲད་པ་དང་དར་སྦའི་ཐོག་ཁེབས་ནས་གྲང་རླུང་འཛུལ་ཏེ་སྲིང་བལ་མལ་ཆས་ཀྱི་ལུས་པོ་བཏུམས་ཀྱང་ཚང་མ་འཁྱགས་ནས་ཁ་འདར་ཤོར་བཞིན་ཡོད།
ལྷ་སར་འབྱོར་རྗེས་ཡེ་ཅིན་བོད་ལྗོངས་གྲ་སྒྲིག་ཨུ་ལྷན་ལས་ཁུངས་ཐད་གཏོགས་བྱིས་གསོ་ཁང་གི་ཞོར་གཏོགས་སློབ་ཆུང་འཛིན་གྲྭར(ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་སྔོན་མ)ལས་བགོས་བརྒྱབ། སྐབས་དེར་སློབ་གྲྭའི་སློབ་མ་ཕལ་ཆེ་བ་ནི་བོད་ཀྱི་ས་གནས་ཁག་གི་ལས་བྱེད་པའི་བུ་ཕྲུག་ཡིན་པ་དང་ཁོང་ཚོ་སློབ་གྲྭར་ཞག་སྡོད་བྱེད་པས། ཡེ་ཅིན་དགེ་རྒན་བྱེད་དགོས་ལ། ཨ་མའི་འགན་ཡང་འཁུར་དགོས་ཀྱི་ཡོད། ཁོང་གིས་ཕྲུ་གུ་ཚོ་ནོར་བུ་གླིང་ཁར་ཁྲིད་དེ་རང་བྱུང་ཁམས་ཀྱི་མཛེས་སྡུག་རྣམ་པ་མྱོང་རོལ་བྱེད་པ་དང་། ཕྲུ་གུར་ཚ་བ་རྒྱག་པ་ཤེས་འཕྲལ་ལྟ་སྐྱོང་ཞིབ་ཚགས་བྱས་ཏེ་ཚ་བ་མི་འཇགས་པར་འཁྲིས་སུ་སྡོད་ཀྱི་ཡོད།
དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར། སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་རྒྱལ་ཡོངས་ཀྱི་ས་ཕྱོགས་གང་སར་ལྡང་ནས་སློབ་གསོའི་བྱ་གཞག་ལ་དཔྱིད་དཔལ་བཞད། 1984ལོར་ཡེ་ཅིན་སློབ་གྲྭའི་སློབ་སྤྱིར་བདམས་ཤིང་། སློབ་ཁྲིད་དང་ཀུན་སྤྱོད་སློབ་གསོ་ཞན་པའི་དཀའ་ངལ་ལ་ཕྱོགས་ནས་ཁོང་གིས“བོད་ཀྱི་སློབ་གསོས་ཕུགས་ལ་དམིགས་ནས་མ་འོངས་ཀྱི་འཛུགས་སྐྲུན་པ་གསོ་སྐྱོང་བྱེད་དགོས”ཞེས་མྱོང་ཚོར་ཟབ་མོས་བརྗོད།
ཁོང་གིས“སློབ་ཚན་གཅིག་ཡག་པོ་ཁྲིད་དགོས་པའི”བྱེད་སྒོ་སྔོན་ལ་སྤེལ་བ་དང་དགེ་རྒན་སྒྲིག་འཛུགས་བྱས་ནས་མཉམ་དུ་སློབ་ཚན་ཉན་པ་དང་སློབ་ཁྲིད་ཐད་སྤེལ་རེས་བྱས་པ་མ་ཟད། སྣེ་ཁྲིད་དེ《སློབ་ཁྲིད་ཀྱི་ཉམས་མྱོང》ཞེས་པའི་ཕུལ་བྱུང་སློབ་ཁྲིད་ནང་དོན་ཕྱོགས་བསྡུས་དེབ་རྩོམ་འབྲི་བྱས་ཏེ་སློབ་མའི་ཁྲོད་ལག་ལེན་ཐུབ་པར་བྱས་ཡོད། “སློབ་ཁྲིད་བྱེད་སྐབས་དྲི་གཞི་ཐག་གཅོད་ཁོ་ནར་བརྟེན་མི་རུང་། སློབ་ཚན་གྱི་ཕན་འབྲས་ཐོན་པ་བྱ་རྒྱུ་ནི་འགག་རྩ་ཡིན་པས། ཤེས་བྱ་སྦྱང་པ་གོ་ཆོད་ཐུབ་པར་བྱེད་དགོས”
བོད་རིགས་སློབ་མས་རྒྱ་སྐད་ཡག་པོ་ཤོད་མི་ཤེས་པར་དམིགས་ནས་ཁོང་གི་གྲོས་འགོའི་འོག སློབ་གྲྭས་སྐད་གཉིས་སློབ་ཁྲིད་ཚོད་ལྟའི་འཛིན་གྲྭ་བཙུགས་པ་དང་དགེ་རྒན་ཧྲང་ཧའེ་རུ་གསོ་སྦྱོང་ལ་བཏང་བ་མ་ཟད། ལྗོངས་ཕྱིའི་སློབ་གཞི་ནང་འདྲེན་དང་བོད་རྒྱའི་སྐད་གཉིས་དྲི་གཞི་རྩོམ་སྒྲིག་བྱས་ཡོད། ཁོང་གིས“སྐད་ཡིག་ནི་སྦྲེལ་ཟམ་ལྟ་བུ་རེད། ཕྲུ་གུ་ཚོ་རྒྱལ་ཡོངས་སུ་སྐྱོད་དགོས་ན་ངེས་པར་དུ་རྒྱ་ཡིག་ཡག་པོ་སྦྱོང་དགོས”ཞེས་བཤད།
ལོ་10ལྷག་ཙམ་སློབ་གསོའི་ལས་ལ་གཞོལ་ཞིང་། ཚོད་ལྟའི་འཛིན་གྲྭའི་བོད་རིགས་སློབ་མའི་རྒྱ་ཡིག་སྦྱངས་འབྲས་རྒྱ་རིགས་འཛིན་གྲྭའི་སློབ་མ་ལས་ལེགས་པ་ཡོད་ལ། སློབ་མ་མང་པོ་ཞིག་ལྗོངས་ཕྱིའི་གཙོ་གནད་སློབ་འབྲིང་དུ་རྒྱུགས་འཕྲོད། 1991ལོར་ཡེ་ཅིན་གྱིས་གཙོ་སྐྱོང་བྱས་ནས་བཟོས་པའི《སློབ་ཆུང་གི་ཀུན་སྤྱོད་སློབ་གསོའི་རྩ་འཛིན་ཀུན་གསལ་མེ་ལོང》ཞེས་པར་ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་གྲུབ་འབྲས་ཀྱི་བྱ་དགའ་ཨང་དང་པོ་རག
མར་མེའི་འོད་མདངས་ཁྲོད་སློབ་མ་འཆི་མེད་སྒྲོལ་དཀར་གྱིས་འཁྱགས་ནས་དམར་པོ་ཆགས་པའི་རྐང་ཆུང་རྒན་ཡེ་ཅིན་གྱི་རྐང་པར་སྦྱར་ནས་དྲོད་ཁུག་ཐབས་བྱེད། ལོ་དེར་ཁོང་བོད་དུ་ལོ་གསར་གཏོང་ཐེངས་དང་པོ་དེ་ཡིན། འཆི་མེད་སྒྲོལ་དཀར་གྱི་ནང་མིས་ལོ་གསར་སྐབས་ཁོང་ལ་སྣེ་ལེན་གཟབ་རྒྱས་ཞུས་པའི་རྣམ་པ་ད་བར་ཡིད་ལ་དྲན་བཞིན་མཆིས།
1998ལོར། གཟུགས་པོར་བརྟག་དཔྱད་བྱེད་སྐབས་ཁོང་ལ་སྐྲན་ནད་ཕོག་པ་ཤེས། ཕྱིས་སུ་རྫས་འགྱུར་གསོ་བཅོས་ཐེངས་14བྱེད་རིང་ཡང་རྟག་ཏུ་བོད་ཀྱི་ཕྲུ་གུ་ཚོར་སེམས་ཁུར་བྱས་ནས་ཕྱོགས་ཁག་དང་འབྲེལ་གཏུག་བྱས་ཏེ་མ་དངུལ་རག་ཐབས་བྱས་ནས་ཕྲུ་གུ་ཚོར་རོགས་པ་བྱེད་ཀྱི་ཡོད།
དྲག་སྐྱེད་བྱུང་རྗེས་ལྗོངས་ཕྱིའི་སློབ་གྲྭ་དང་འབྲེལ་བ་ཧུར་ཐག་བྱས་ཏེ་ལྷ་སའི་དགེ་རྒན་ཚོར་གསོ་སྦྱོང་གི་གོ་སྐབས་བརྩོན་ལེན་བྱེད་ཅིང་། ཁོང་གིས“མ་ཤི་ཙམ་བྱུང་ཚེ་ངས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་ལེགས་སྐྱེལ་འབུལ་ཐག་གཅོད་ཡིན”ཞེས་བཤད།
ད་ཆ་རྒན་ཡེ་ཅིན་ལགས་རྒན་ཡོལ་ཞུས་ནས་རྒན་གསོ་ཁང་དུ་སྡོད་ཀྱང་། བོད་ཀྱི་རིག་གནས་ཀྱི་ཕོ་ཉ་ཞིག་བྱེད་པ་མ་ཟད། སློབ་ཕྲུག་ཚོས་བསྐུར་བའི་ཕྱུར་ར་སོགས་རྒན་རྒོན་གཞན་ཚོར་སྦྱིན་ནས་བོད་ཀྱི་ཕྲུ་གུ་ཚོའི་གཏམ་རྒྱུད་བརྗོད་ཀྱི་ཡོད། རྒན་ཡེ་ཅིན་ལགས་ཀྱིས“ང་ཕྲུ་གུ་ཚོ་དང་ཁ་འབྲལ་ཐབས་མེད་པ་དེ་སྐལ་བཟང་མེ་ཏོག་ས་མཐོ་དང་ཁ་འབྲལ་ཐབས་མེད་པར་ལྟར་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།