རང་ལྗོངས་ཀྱིས་དེང་རབས་ཚན་རིག་ཁྱབ་གདལ་ཁང་གི་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་བསྐྲུན་པ།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་སྣ་ཚོགས་ཐེངས་4500ལྷག་ཙམ་སྤེལ་བ་དང་མང་ཚོགས་མི་ཐེངས་ཁྲི་100ལྷག་ཙམ་ལ་ཕན་པ་ཐོབ་པ།
ཚེས་20ཉིན། གསར་འགོད་པས་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལྗོངས་ཡོངས་སུ་རང་སྐྱོང་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་1དང་། སྐོར་སྐྱོད་ཚན་རྩལ་ཁང་གི་འགྲེམས་རྫས་ཆ་ཚང་14 གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཚན་རྩལ་ཁང་300ལྷག་ཙམ། ཚན་རིག་ཁྱབ་གདལ་གྱི་ཁེབས་ཡོད་དོས་འཁོར་ཆེན་པོ་86 བློ་རིག་ཚན་རིག་ཁྱབ་གདལ་སྡེ་ཁུལ་4 གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་3བཅས་བཙུགས་ཡོད་པ་དང་། སྐོར་སྐྱོད་ཚན་རྩལ་ཁང་དང་། ཚན་རིག་ཁྱབ་གདལ་གྱི་ཁེབས་ཡོད་དོས་འཁོར་ཆེན་པོ། སློབ་གྲྭ་འབྲིང་ཆུང་གི་ཚན་རྩལ་ཁང་། སྡེ་ཁུལ་གྱི་ཚན་རྩལ་ཁང་བཅས་གཙོ་བོར་བྱས་པའི་དེང་རབས་ཚན་རིག་ཁྱབ་གདལ་ཁང་གི་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལོ་60ཡི་རིང་། རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་གཙོ་གནད་མི་ཚོགས་ལ་གནད་སྨིན་ཞབས་འདེགས་ཞུ་བའི་ཚན་རིག་ཁྱབ་གདལ་མ་ལག་འཛུགས་པ་དང་། ཤུགས་རྐྱེན་ལྡན་པའི་ཚན་རིག་ཁྱབ་གདལ་བྱེད་སྒོའི་སྤུས་རྟགས་གཏོད་རྒྱུ་སོགས་ཀྱི་ཐད་ཤུགས་ཆེན་པོ་བརྒྱབ་སྟེ། “སུམ་རྩེན་སློབ་ཚན” དང་། “མཐོ་སློབ་ཀྱི་ཚན་རིག་སྒར་ས”“ཚན་རྩལ་གསར་གཏོད་ཀྱི་འགྲན་བསྡུར་ཆེན་པོ”སོགས་སྤུས་རྟགས་བྱེད་སྒོ་སྒྲིག་འཛུགས་བྱས་པར་དགེ་སློབ་མི་ཐེངས་ཁྲི་5ལྷག་ཙམ་ཞུགས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཁོ་ནར་ཞིང་འབྲོག་པར་ཕྱོགས་ནས་སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་ཐེངས་100ལྷག་ཙམ་བྱས་པར་གསོ་སྦྱོང་ནང་ཞུགས་མཁན་མི་ཐེངས་ཁྲི་20ལྷག་ཙམ་ཟིན་པ། “རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཟླ་བ”དང“ཚན་རྩལ་བྱེད་སྒོའི་གཟའ་འཁོར”སོགས་བྱེད་སྒོའི་སྤུས་རྟགས་རབ་དང་རིམ་པ་མུ་མཐུད་དུ་བཏོད་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ཚན་རིག་ཁྱབ་གདལ་བྱེད་སྒོ་སྣ་ཚོགས་ཐེངས་4500ལྷག་ཙམ་སྤེལ་བ་དང་། ཚན་རིག་ཁྱབ་གདལ་གྱི་དཔྱད་གཞིའི་ཡིག་རིགས་ཁྲི་36ལྷག་ཙམ་སྤྲད་པས། མང་ཚོགས་མི་ཐེངས་ཁྲི་100ལྷག་ཙམ་ལ་ཕན་པ་ཐོབ་ནས། སྤྱི་ཚོགས་ཡོངས་ཚན་རིག་ཁྱབ་གདལ་ནང་ཞུགས་པ་དང་ཚན་རིག་ཁྱབ་གདལ་མཉམ་སྤྱོད་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
ལོ་ངོ་60ཡི་རིང་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། རང་ལྗོངས་ཀྱིས་རྒྱལ་ཁབ་རིམ་པའི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་ཁག་5དང་རང་སྐྱོང་ལྗོངས་རིམ་པའི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་ཁག་39བཙུགས་པ་དང་། ལྗོངས་ཡོངས་ཀྱི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་ཀྱི་བསྡུར་ཚད་དེ་2010ལོའི་0.10%ནས་2023ལོའི་7.60%བར་མཐོ་རུ་ཕྱིན་ནས་འཕར་ཚད་ལྡབ་75ལྷག་ཙམ་ཟིན་ཡོད། དེའི་ནང་། ལོ་18ནས་ལོ་39བར་གྱི་གཞོན་ནུ་ལོ་ཆུང་དང་ཞིང་འབྲོག་པའི་ཚོགས་སྤྱིའི་ཚན་རིག་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། སྤྱི་ཚོགས་ཡོངས་སུ“ཚན་རིག་ལ་སྣང་ཆེན་དང་། ཚན་རིག་ལ་དགའ་ཞེན། ཚན་རིག་སྦྱོང་བ། ཚན་རིག་སྤྱོད་པ”བཅས་ཀྱི་རྣམ་པ་ཉིན་བཞིན་ཟབ་ཏུ་ཕྱིན་ཡོད།
རང་ལྗོངས་ཀྱིས་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་རྣམ་པ་སྣ་ཚོགས་ཀྱི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་ཞིང་། རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་དང་མཐའ་མཚམས་མང་ཚོགས་ཀྱི་ཁྱད་ཆོས་གཞིར་བཟུང་། འབྲེལ་ཡོད་སྡེ་ཚན་གྱིས་གྲོང་གསེབ་དར་རྒྱས་ལ་དམིགས་ནས་སོན་བཟང་འདེབས་གསོ་དང་འཕྲུལ་ཆས་ཅན་གྱི་འདེབས་འཛུགས་སོགས་ཉེར་སྤྱོད་ལག་རྩལ་ཁྱབ་གདལ་བཏང་སྟེ། 1991ལོ་ནས་བཟུང་། རིམ་རྩིས་བརྒྱབ་ན་ཞིང་འབྲོག་པ་མི་ཐེངས་ཁྲི་9.5ལྷག་ཙམ་ལ་རྩལ་ནུས་གསོ་སྦྱོང་བྱས་པ་དང་། 《བོད་ཀྱི་ཞིང་ལས་ཉེར་སྤྱོད་ལག་རྩལ་ཁྱབ་གདལ་གཏོང་བའི་མུ་འབྲེལ་པར་གཞི》སོགས་ཚན་རིག་སློབ་གསོའི་གློག་བརྙན་པར་ལེན་བྱས་ཏེ། ཞིང་འབྲོག་པས“ཚན་རྩལ་ལ་བརྟེན་ནས་ཐོན་འབབ་མང་དུ་གཏོང་བ་དང་རྩལ་ནུས་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བར”བྱས་ཡོད། ས་མཐོའི་ནད་སྔོན་འགོག་དང་ཚོད་འཛིན་དང་བདེ་ཐང་གི་འཚོ་བར་དམིགས་ནས《ཞིང་འབྲོག་པའི་འཕྲོད་བསྟེན་བདེ་སྲུང་ཤེས་བྱ》སོགས་ཀྱི་ཀློག་དེབ་རྩོམ་སྒྲིག་པར་འདེབས་བྱས་ཏེ། “ཚན་རྩལ་གཤམ་སྤེལ”དང“ཚན་རྩལ་ཆེད་མངགས་པ”བརྒྱུད། ཞིང་ནང་དང་མུ་ཁར་བསྐྱོད་དེ་འོས་འགན་སྨན་བཅོས་དང་བདེ་ཐང་ཤེས་བྱ་ཁྱབ་གདལ་བཏང་ནས་ཞིང་འབྲོག་པར་ཚན་རིག་དང་མཐུན་པའི་བཟའ་བཏུང་དང་ནད་རིགས་སྔོན་འགོག་བྱེད་པའི་གོམས་གཤིས་བཟང་པོ་འཇགས་པར་སྐུལ་འདེད་བཏང་ཡོད། “མཐའ་སྟོབས་མཐའ་བརྟན་གྱི་ཚན་རིག་ཁྱབ་གདལ་བྱ་སྤྱོད”ལག་བསྟར་བྱས་ཏེ། མཐའ་མཚམས་སློབ་ཆུང་གི་ཚན་རྩལ་ཁང་164ལ་ཚན་རིག་ཁྱབ་གདལ་སྒྲིག་ཆས་བཀོད་སྒྲིག་བྱས་པ་དང་། མཐའ་མཚམས་ས་ཁུལ་གྱི་སློབ་མ་300ལྷག་ཙམ་པེ་ཅིང་དུ་མངགས་ཏེ“སེམས་མཐུན་མདུད་པའི”ཚན་རིག་ཁྱབ་གདལ་གྱི་ཞིབ་འཇུག་སློབ་སྦྱོང་ལ་ཞུགས་སུ་བཅུག་པ། མཐའ་མཚམས་གྲོང་གསེབ་ཏུ“ཞིང་པའི་དཔེ་ཁང”དང“བློ་རིག་ཚན་རིག་ཁྱབ་གདལ་སྡེ་ཁུལ”བསྐྲུན་པ། ཆུའི་ཐོན་ཁུངས་སྲུང་སྐྱོང་དང་། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་སོགས་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། ཚན་རིག་ཁྱབ་གདལ་གྱི་ཁེབས་ཡོད་དོས་འཁོར་ཆེན་པོའི་སྐོར་སྐྱོད་འགྲེམས་སྟོན་བྱེད་སྒོ་སྒྲིག་འཛུགས་བྱེད་པ་སོགས་རེད། ཡུན་རིང་འབད་འཐབ་བྱས་པ་བརྒྱུད། རང་ལྗོངས་སུ་གཙོ་གནད་ཚོགས་སྤྱིའི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བར། ས་མཐོའི་ཁྱད་ཆོས་ལྡན་པའི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།