ཧྭ་ཤིས་སྨན་ཁང་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་ཡན་ལག་སྨན་ཁང་གིས་བགྲང་བྱ་54ཡི་རིང་འབད་འབུངས་མདུན་སྐྱོད་དང་ཐབས་མང་མཉམ་དུ་སྤྱད་ནས་ས་མཐོའི་མང་ཚོགས་ཀྱི་སྨན་བཅོས་ལམ་བུར་དྲོ་སྐྱིད་སྦྱིན་པ།
ཧྭ་ཤིས་སྨན་ཁང་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་ཡན་ལག་སྨན་ཁང་བཙུགས་ནས་ལོ་54སོང་ཚུན། སྨན་ཁང་དེ་ཉིད་རིམ་པ་མེད་པའི་སྨན་ཁང་ཆུང་ཆུང་ཞིག་ནས་སྨན་བཅོས་དང་། སློབ་ཁྲིད། ཚན་ཞིབ། གཟུཌ་པོར་བརྟག་དཔྱད་བཅས་གཞི་གཅིག་ཏུ་འདུས་པའི་རྒྱལ་ཁབ་ཀྱི་གཞུང་བཙུགས་ཀ་པ་རིམ་པ་གསུམ་པའི་ཕྱོཌ་བསྡུས་སྨན་ཁང་དུ་འཕེལ་རྒྱས་ཕྱིན་ཡོད། སྨན་ཁང་དེས་ལོ་རེར་ཆ་སྙོམས་མི་ཐེངས་ཁྲི་40ལྷག་ཙམ་ལ་སྨན་བཅོས་ཞབས་འདེཌ་ཞུ་གི་ཡོད་ཅིང་། 80%ཡན་ནི་བོད་ནས་ཡོང་བ་དང་བོད་ཀྱི་མི་སེར་ཚོའི་བློས་འཁེལ་ཤོས་ཀྱི་སྨན་ཁང་གི་གྲས་སུ་གྱུར་ཡོད།
ས་མཐོའི་ནད་རིགས་འགོག་བཅོས་ཀྱི་ལྟེ་བའི་དགོས་མཁོར་གཞིགས་ནས། ཧྭ་ཤིས་སྨན་ཁང་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ་ཡི་ཡན་ལག་སྨན་ཁང་གིས“ཀྲུང་གོའི་ས་མཐོའི་ནད་ཀྱི་སྨན་ཁང་རྩེ་གྲ་འཛུགས་པའི”
དམིགས་ཚད་དེ“གནད་སྨིན་སྨན་བཅོས”དང“མ་ལག་རིམ་སྤོར”གཉིས་ལ་དབྱེ་ནས་ལག་ལེན་བསྟར་ཡོད།
དམངས་ཕན་བྱེད་ཐབས།
ས་མཐོའི་མང་ཚོགས་སྨན་པ་བསྟེན་པར་དེ་བས་སྟབས་བདེ་བསྐྲུན་པ།
ས་མཐོ་ཁོ་ནར་ཡོད་པའི་ནད་རིགས་ལ་གཞིགས་པ་དང་དེང་རབས་ཅན་གྱི་རིག་ཚན་འཛུགས་སྐྱོང་འདེགས་སྐྱོར་དུ་བྱས་ཏེ། ཧྭ་ཤིས་སྨན་ཁང་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་ཡན་ལག་སྨན་ཁང་གིས་ས་མཐོའི་ནད་དང་། རྒན་རྒོན་གྱི་ནད། ལུས་ཁམས་གསོ་བའི་ནད་རིགས་བཅས་ཚུད་པའི་ནད་ཐོག་སྨན་བཅོས་ཀྱི་ཚན་ཁག་37བཙུགས་པ་དང་། དེའི་ནང་རུས་ནད་ཚན་ཁག་སོགས་ཀྱི་ཚན་ཁག་6ལ་ཁྲེང་ཏུའུ་གྲོང་ཁྱེར་གྱི་གཙོ་གནད(ཆེད་ལས)ཚན་ཁག་གི་མཚན་སྙན་ཐོབ་ཡོད།
“སྨན་པ་ཀྲང་ལགས་ཀྱི་བཀའ་དྲིན་ལས། ངའི་ལོ་མང་རིང་གི་ནད་སྡུག་བསལ་ནས་ཡང་བསྐྱར་གོམ་པ་སྤོ་ཐུབ་སོང”ཞེས་ཆབ་མདོ་ནས་ཡོང་བའི་ཨ་མ་སྒྲོལ་མས(མིང་ཚབ)གཤགས་བཅོས་ཚར་རྗེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བརྗོད། དེ་གོང་ཁོང་ལ་མཐོང་དཀོན་པའི་ནད་གཞི་ཞིག་ཕོག་ནས་རྐང་པ་སྤོ་མི་ཐུབ་པར་གྱུར། ས་མཐོའི་མང་ཚོགས་ཁྲོད་མཐོང་དཀོན་པའི་ནད་དེ་རིགས་ལ་ནད་རྐྱེན་འཚོལ་དཀའ་བ་དང་གཤགས་བཅོས་ཀྱི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད།
རུས་ནད་ཚན་ཁག་གི་སྨན་པ་ཀྲང་པིན་གྱིས་རྒྱལ་སྤྱིའི་ཐོག་གི་སྔོན་ཐོན་ལག་རྩལ་ལ་བརྟེན་ནས་ཆུ་ཚོད་ཕྱེད་ཀ་ཙམ་ནང་དཀའ་གནད་ཆེ་བའི་གཤགས་བཅོས་དེ་ལེགས་སྒྲུབ་བྱས་ཡོད། གཤགས་བཅོས་ཚར་རྗེས་ཀྱི་ཉིན་གཉིས་པར་ཨ་མ་སྒྲོལ་མ་གོམ་པ་སྤོས་ནས་འགྲོ་ཐུབ་པ་བྱུང་བ་མ་ཟད། དེ་སྔོན་རྐང་པ་གཉིས་པོ་སྦྲིད་ནས་གོམ་པ་སྤོ་མི་ཐུབ་པའི་ནད་ཀྱང་སངས་དྲག་ཏུ་སོང་ཡོད། དཔེ་མཚོན་དེ་དག་ནི་ཧྭ་ཤིས་སྨན་ཁང་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་ཡན་ལག་སྨན་ཁང་གིས་བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ལ“ཧྭ་ཤིས་སྨན་ཁང་གི་ཆུ་ཚད་དང་འདྲ་བའི”སྨན་བཅོས་ཀྱི་ཞབས་འདེགས་ཞུས་པའི་མི་སེམས་འགུལ་བའི་མཚོན་བྱེད་ཙམ་ཞིག་རེད།
རོགས་སྐྱོར་སློབ་ཁྲིད།
བྱ་སྤྱོད་དངོས་ལ་བརྟེན་ནས་བརྩེ་བ་ཟབ་མོ་མཚོན་པར་བྱས་པ།
2017ལོ་ནས་བཟུང་། ཧྭ་ཤིས་སྨན་ཁང་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་ཡན་ལག་སྨན་ཁང་གིས་སྔ་རྗེས་སུ་འཇུ་བྱེད་ཚན་ཁག་དང་རུས་ནད་ཚན་ཁག་སོགས་ཆེད་ལས་20ཡི་ཉམས་མྱོང་ཕུན་སུམ་ཚོགས་པའི་སྨན་བཅོས་རིགས་གཅིག་མཁས་ཅན་69ནག་ཆུར་རོགས་སྐྱོར་ལ་མངགས་པ་རེད།
བོད་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་གཞི་རྩ་ནས་མཐོ་རུ་གཏོང་དགོས་ན། ངེས་པར་དུ“འཁྱེར་མི་ཐུབ་ལ་གཞིས་ཆགས་ཐུབ་པའི”རང་ཡུལ་གྱི་སྨན་བཅོས་དཔུང་ཁག་ཅིག་གསོ་སྐྱོང་བྱེད་དགོས་པ་ཧྭ་ཤིས་སྨན་ཁང་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་ཡན་ལག་སྨན་ཁང་གིས་གསལ་པོར་ཤེས་ཀྱི་ཡོད། དེར་བརྟེན། སྨན་ཁང་གིས་2010ལོ་ནས་བཟུང་། ཡན་ལག་སྨན་ཁང་དུ་ཟབ་སྦྱོང་དང་དངོས་སྦྱོང་ལ་ཡོང་མཁན་རང་སྐྱོང་ལྗོངས་ཀྱི་སྨན་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་གྲྭ་ཆེ་མོ་བ་བསྡུ་འགོ་ཚུགས་པ་རེད། རིམ་རྩིས་བརྒྱབ་ན། ཉེ་བའི་ལོ་གསུམ་རིང་དངོས་སྦྱོང་སློབ་མ་418དང་ཟབ་སྦྱོང་སྨན་པ་དང་སྨན་ཞབས་130ལྷག་ཙམ་བསྡུས་ཡོད་པ་རེད།
“འདི་ནས་མཐོང་བའི་ནད་དཔེ་མང་པོ་ཞིག་ནི་བོད་ཀྱི་ས་ཁོངས་ཀྱི་ཁྱད་ཆོས་དང་འབྲེལ་བ་ཡོད་པས། དེའི་ཐད་ཀྱི་སྨན་བཅོས་ཤེས་བྱ་ཁོང་དུ་ཆུད་ན། བོད་དུ་ལོག་རྗེས་བེད་སྤྱོད་ཐུབ་ངེས་རེད” ཆབ་མདོ་ནས་ཡིན་པའི་བཀྲ་ཤིས་ཆོས་རྒྱལ་ནི་བོད་ལྗོངས་མི་རིགས་སློབ་ཆེན་གྱི་ནད་ཐོག་གསོ་རིག་གི་སློབ་མ་ཞིག་ཡིན་པ་དང་། ད་ལོའི་ཟླ་བ་དྲུག་པ་ནས་བཟུང་ཧྭ་ཤིས་སྨན་ཁང་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་ཡན་ལག་སྨན་ཁང་གི་འཇུ་བྱེད་ཚན་ཁག་ཏུ་དངོས་སྦྱོང་བྱེད་འགོ་ཚུགས་པ་རེད།
དེང་གི་ཆར། ཡན་ལག་སྨན་ཁང་ནས་སློབ་སྦྱོང་བྱས་རྗེས་བོད་དུ་ལོག་པའི་སྨན་པ་དེ་དག་ནི་ས་བོན་ཞིག་དང་འདྲ་བར་བོད་ཀྱི་ས་གནས་ཁག་ཏུ་རྩ་བ་ཚུགས་ཤིང་མྱུ་གུ་འབུས་ཏེ། སྦྱངས་པའི་ཤེས་བྱ་དང་རྩལ་ནུས་ལ་བརྟེན་ནས་ཕ་ཡུལ་གྱི་མང་ཚོགས་ཚོའི་བདེ་ཐང་སྲུང་བཞིན་ཡོད།
རྒྱུན་མཐུད་རིམ་སྤོར།
མི་སེར་གྱི་བདེ་ཐང་ལ་རྨང་གཞི་ཡག་པོ་བཏིང་བ།
“ང་ཚོས་ས་ཁམས་ཁོར་ཡུག་གི་ལེགས་ཆ་དང་ཤེས་ལྡན་པ་མཉམ་འདུས་ཀྱི་ལེགས་ཆ་མུ་མཐུད་ཡག་པོ་བཏོན་ཏེ། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གི་ཕྱོགས་ཡོངས་ཀྱི་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་ནད་པར་དེ་བས་སྟབས་བདེ་དང་། སྤུས་ལེགས། ཕན་ཆེ་བཅས་ཀྱི་སྨན་བཅོས་ཞབས་འདེགས་ཞུས་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ལ་སྲུང་སྐྱོང་དེ་བས་ལེགས་པོ་བྱེད་ཀྱི་ཡོད” ཧྭ་ཤིས་སྨན་ཁང་གསང་རྒྱུད་ཟགས་གཤེར་ཚན་ཁག་གི་དགེ་རྒན་ཆེ་མོ་བ་དང་ཧྭ་ཤིས་སྨན་ཁང་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་ཡན་ལག་སྨན་ཁང་གི་ཡོན་ཀྲང་ཁྲེན་ཏེ་ཚའེ་ཡིས་བརྗོད།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་འགོ་འཛུགས་ས་གསར་པར་བྱས་ཏེ། ཧྭ་ཤིས་སྨན་ཁང་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་ཡན་ལག་སྨན་ཁང་གིས་མུ་མཐུད་བོད་ཀྱི་མི་སེར་གྱི་ནད་བསྟེན་པའི་དགོས་མཁོར་དམ་པོར་དམིགས་ནས། ནད་རིགས་སྨན་བཅོས་ཀྱི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ་དང་། རྩད་ཆོད་དཀའ་བ་དང་། དཀའ་གནད་ཆེ་བ། རྙོག་དྲ་ཚ་བ་བཅས་ཀྱི་ནད་གཞི་སྨན་བཅོས་དང་། བདེ་ཐང་དོ་དམ། བདེ་ཐང་སྨན་བཅོས་བཅས་ཀྱི་མ་ལག་ཧྲིལ་པོའི་བདེ་ཐང་ཆེན་པོའི་ཞབས་འདེགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ཞབས་འདེགས་ཞུ་བའི་བརྒྱུད་རིམ་ལེགས་སུ་གཏོང་བ། ནད་པའི་སྨན་བཅོས་ཉམས་ལེན་ལེཌ་སུ་གཏོང་བ་བཅས་བྱས་ཏེ་བོད་ལྗོངས་ས་ཁུལ་གྱི་སྨན་བཅོས་བྱ་གཞག་གི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་ཁྲེན་ཏེ་ཚའེ་ཡིས་བརྗོད།
ད་ཆ། འཕེལ་རྒྱས་འགྲོ་བཞིན་པའི་སྨན་ཁང་དེས་སྤུས་ཚད་དེ་བས་ལེགས་པ་དང་། དེ་བས་སྙིང་ཉེ་བ། དེ་བས་སྲ་ཞིང་བརྟན་པ་བཅས་ཀྱི་ཞབས་འདེགས་ལ་་བརྟེན་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བློས་འཁེལ་ཤོས་ཀྱི་སྨན་བཅོས་གདམ་གར་གྱུར་པ་མ་ཟད། གངས་ལྗོངས་ས་མཐོའི་མི་སེར་གྱི་ཚེ་སྲོག་བདེ་ཐང་སྲུང་བའི་སྲ་ཞིང་བརྟན་པའི་བདེ་ཐང་གི་བཙན་རྫོང་དུ་གྱུར་ཡོད། དེས་མ་ཚད། བྱ་སྤྱོད་དངོས་ལ་བརྟེན་ནས“བདེ་ཐང་གི་རྟེན་ས་དང་ཚེ་སྲོག་གི་རྟེན་ས”ཞིག་བྱེད་པའི་སྨན་པའི་དམ་བཅའ་ལག་བསྟར་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།