དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན།

    རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཐན་ཤང་ཏུང་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-09

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་གནང་བར་ཕེབས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ་དེས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་དང་། སྤྱིའི་རྩ་འཛིན། སྤྱིའི་ཕྱོགས་སྟོན་བཅས་མཁོ་འདོན་གནང་ཡོད” ཉེ་ཆར། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཐན་ཤང་ཏུང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། དྲིན་ཚོར་གྱི་བསམ་པ་དང་། འབད་འབུངས་མདུན་སྐྱོད་ཀྱི་བློ་སྟོབས། དངོས་སྒྲུབ་ཀྱི་བྱ་སྤྱོད་བཅས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན་ཞེས་བརྗོད།

    དྲི་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྨན་བཅོས་འཕྲོད་བསྟེན་སོགས་དམངས་འཚོའི་ལས་དོན་ཡག་པོ་སྒྲུབ་དགོས”ཞེས་ནན་བཤད་གནང་ཡོད་པས། མཛུབ་སྟོན་གལ་ཆེན་འདིའི་དགོངས་དོན་ཇི་ལྟར་བྱས་ནས་དོན་འཁྱོལ་བྱེད་དགོས་སམ།

    ལན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། ད་ཆ་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་ཡོངས་ཁྱབ་བྱུང་བ་དང་། སྨན་ཁང་དུ་མ་འབྱོར་གོང་གི་མྱུར་སྐྱོབ་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་པ། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་གྱི་དོས་དྲག་གསོ་རིག་རོགས་སྐྱོབ་མ་ལག་གཞི་རྩའི་ཆ་ནས་བསྐྲུན་པ། རྒྱང་བསྟེན་སྨན་བཅོས་དྲ་རྒྱ་ཤང་དང་གྲོང་རྡལ་ཚང་མར་སྦྲེལ་མཐུད་ཐུབ་ཡོད། ལྷག་པར་དུ་རང་སྐྱོང་ལྗོངས་སྨན་རྩིས་ཁང་འདི་ཉིད་རྒྱལ་ཡོངས་ཀྱི“རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ལྟེ་གནས(བོད་ལུགས་གསོ་རིག)”ཐོག་མ་དེར་གྱུར་པ་དང་། ཧྭ་ཤིས་སྨན་ཁང་དང་ཧྭ་ཤིས་སྨན་ཁང་གཉིས་པས་རོགས་སྐྱོར་བྱས་པའི་རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་ལྟེ་གནས་ལྷ་སར་བཙུགས་ནས། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་བས“གཙོ་བོ་གཅིག་དང་། ཞོར་གཏོགས་གཉིས། གཞོགས་འདེགས་བཞིའི”སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་ཀྱི་བཀོད་པ་གཞི་རྩའི་ཆ་ནས་གྲུབ་ཡོད།

    སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལས་ང་ཚོའི་སེམས་ཤུགས་དང་ཡིད་ཆེས་རབ་ཏུ་འཕེལ་སོང་། གོམ་སྟབས་རྗེས་མར་ང་ཚོས“ཏན་ཏིག”ལ་ཤུགས་བརྒྱབ་ནས“བདེ་ཐང་བོད་ལྗོངས་ཀྱི་བྱ་སྤྱོད་ཁག་20”ལག་ལེན་ཤུགས་ཆེན་བསྟར་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འཕྲོད་བསྟེན་བདེ་ཐང་འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོ་བ་དང་། བདེ་ཐང་བོད་ལྗོངས་ཀྱི་རྨང་གཞི་དངོས་འབྲེལ་བརྟན་དུ་བཏང་སྟེ། མང་ཚོགས་ལ་དེ་བས་དྲོ་སྐྱིད་ལྡན་པ་དང་དེ་བས་ཕྱོགས་ཡོངས་ཀྱི་བདེ་ཐང་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱེད་ཀྱི་ཡིན།

    དྲི་བ། སླད་ཕྱིན་རང་ལྗོངས་ཀྱི་སྤུས་ལེགས་ནུས་ཆེའི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་པའི་ཐད་གཙོ་གནད་བྱེད་ཐབས་གང་དག་ཡོད་དམ།

    ལན། འདི་ལོ་ང་ཚོས་གཞུང་བཙུགས་ཕྱོགས་བསྡུས་སྨན་ཁང་རིམ་པ་གཉིས་པ་དང་གསུམ་པ་ཚང་མར་བྱིས་ནད་ཚན་ཁག་འཛུགས་་རྒྱུ་དང་། ས་གནས(གྲོང་ཁྱེར)ཚང་མར་ཉུང་མཐར་ཡང་སྨན་ཁང་གཅིག་ལ་སེམས་ཁམས་སྒོ་བསྟེན་སྨན་ཁང་འཛུགས་རྒྱུ། ས་ཁོངས(གྲོང་ཁྱེར)ཁྱབ་ཁོངས་ནང་གི་སྨན་བཅོས་སྒྲིག་གཞིས་ཞིབ་དཔྱད་དང་ཞིབ་བཤེར་བྱས་འབྲས་ཕན་ཚུན་ཁས་ལེན་པའི་རྣམ་གྲངས་ཁག་200ལྷག་ཙམ་ཟིན་པ་བྱ་རྒྱུ། སྒོ་བསྟེན་སྨན་ཁང་དུ་སྔོན་སྤྲོད་གྲོན་དངུལ་སྤྲོད་མི་དགོས་པ་བཟོ་བ་དང་སྨན་ཁང་དུ་སྡོད་པའི་སྔོན་སྤྲོད་གྲོན་དངུལ་ཡང་ལུགས་མཐུན་གྱི་ཁྱབ་ཁོངས་སུ་ཚོད་འཛིན་བྱ་རྒྱུ། མི་འབོར་ཁྲི་10ལྷག་ཙམ་ཟིན་པའི་གྲོང་ཁུལ་ཚང་མར་ཁྲག་བསིང་བཅོས་ཀྱི་ཞབས་འདེགས་ཞུ་རྒྱུ། ས་གནས་གཞན་དུ་ཁྲག་སྤྱད་སྨན་རིན་རྩིས་ཞུའི་གོ་རིམ་སྟབས་བདེ་རུ་གཏོང་རྒྱུ། ལོ་8ནས་11བར་གྱི་སློབ་ལོ་ལོན་པའི་བྱིས་པའི་སོ་ཀོང་བརྒྱངས་ནས་ཕྲུ་གུ་ཚོའི་སོ་ཡག་པོ་ཡོང་བར་རོགས་རམ་བྱ་རྒྱུ་བཅས་ཁ་གསལ་བཟོས་ཡོད།

    དྲི་བ། བོད་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་གཏོང་བའི་ཐད་གཙོ་གནད་ལས་དོན་གང་དག་སྤེལ་རྒྱུ་ཡིན་ནམ།

    ལན། བོད་ལུགས་གསོ་རིག་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གསོ་རིག་བང་མཛོད་ནང་གི་ནོར་བུ་ཞིག་ཡིན་ཞིང་། ནད་འགོག་སྨན་བཅོས་ཁྲོད་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་མ་ཟད། བོད་ཀྱི་ཁྱད་ལྡན་ཐོན་ལས་སུ་རིམ་བཞིན་འཚར་ལོངས་ཀྱང་བྱུང་ཡོད། 2024ལོར་ལྗོངས་ཡོངས་ཀྱི་བོད་སྨན་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་34ལྷག་ཙམ་ལས་བརྒལ་་ཡོད། འགོ་འཛུགས་ས་གསར་པའི་ཐོག ང་ཚོས་འཛམ་གླིང་གི་བོད་ལུགས་གསོ་རིག་ཚན་ཞིབ་ལས་སྟེགས་རྩེ་གྲ་དང་། བོད་སྨན་ཁེ་ལས་རྩེ་གྲ། རྒྱལ་སྤྱིའི་བོད་ལུགས་གསོ་རིག་སྨན་བཅོས་ལྟེ་གནས་བཅས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལ་དམིགས་ནས། སྨན་བཅོས་དང་། སློབ་ཁྲིད། ཚན་ཞིབ། ཐོན་ལས། རིག་གནས་བཅས“ཕྱོགས་ལྔ་གཞི་གཅིག”མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ལོ་ངོ་སྟོང་གི་བོད་ལུགས་གསོ་རིག་དུས་རབས་གསར་པར་སྐྱེ་སྟོབས་གསར་པ་མངོན་པ་དང་། མི་དམངས་ཀྱི་བདེ་ཐང་དང་དཔལ་འབྱོར་འཕེལ་རྒྱས་ལ་ཐུན་མོང་མ་ཡིན་པའི་གསོན་ཤུགས་བསྣན་ཐུབ་པ་བྱེད་ཀྱི་ཡིན།

    དྲི་བ། འདི་ལོའི་ཟླ་7པར་རྒྱལ་ཁབ་ཀྱིས《བུ་གསོའི་ཁ་གསབ་དངུལ་གྱི་ལམ་ལུགས་ལག་བསྟར་ཇུས་གཞི》བཏོན་ཡོད། རང་ལྗོངས་ཀྱིས་སྲིད་ཇུས་འདི་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པར་སྐུལ་འདེད་ཇི་ལྟར་གཏོང་རྒྱུ་ཡིན་ནམ།

    ལན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གྱིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་ཞིབ་སྲོལ་བཟོས་པ་མ་ཟད། རང་སྐྱོང་ལྗོངས་དང་། ས་ཁུལ་དང་གྲོང་ཁྱེར། རྫོང་། ཤང་བཅས་རིམ་བཞིའི་ཆ་འཕྲིན་མ་ལག་གི་ས་ཁོངས་ཡོངས་བཀོད་སྒྲིག་དང་མི་སྣ་གསོ་སྦྱོང་ལེགས་གྲུབ་བྱུང་བ་རེད། མིག་སྔར་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གི་ཤང་དང་གྲོང་རྡལ་ཁག་གཅིག་ཏུ་ཚོད་ལྟའི་ལས་དོན་སྤེལ་བས་མ་ལག་འཁོར་རྒྱུག་བརྟན་པོ་ཡོད། མིག་སྔའི་བར་བུ་གསོའི་ཁ་གསབ་ཀྱི་རེ་ཞུ་ཁྲི་11ཙམ་འབྱོར་ཡོད།

    གོམ་སྟབས་རྗེས་མར། ང་ཚོས་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱར་བརྟེན་ནས་མང་ཚོགས་ཀྱིས“གོ་ཐུབ་པ་དང་། རེ་ཞུ་བྱེད་བདེ་བ། དུས་ཐོག་ཏུ་སྤྲོད་ཐུབ་པ”བཅས་བྱས་ཏེ། ཁྱིམ་ཚང་ཁྲི་སྟོང་མང་པོས་ཏང་གི་དྲོ་སྐྱིད་ཚོར་བར་བྱེད་ཀྱི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།