རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་ཞིབ་དཔྱོད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་བསྒྱུར་བ།
“མིག་མཐོང་ལག་ཟིན་ཐུབ་པའི”རྣམ་པ་གསར་པ་བཏོད་པ།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཐོག་མཐའ་བར་གསུམ་དུ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ཁྲིད་སྟོན་དུ་བྱེད་པ། བོད་ཀྱི་ཞིབ་དཔྱོད་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཆབ་སྲིད་འཛུགས་སྐྱོང་དང་། སྤྱོད་ཚུལ་འཛུགས་སྐྱོང་། མི་དམངས་ལ་ཞབས་འདེཌ་ཞུ་བ། དཔུང་ཁག་དོ་དམ་སོགས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བྱས་ཏེ། དུས་རབས་གསར་པའི་བོད་ཀྱི་ཞིབ་དཔྱོད་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འགན་ལེན་བརྟན་པོ་བྱས་ཡོད།
སློབ་སྦྱོང་དང་བགྲོ་གླེང་རེ་རེ་དང་། ངེས་ཀློག་དཔེ་དེབ་རེ་རེ། འཆད་ཁྲིད་རེ་རེ་སོགས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས“འགག་རྩའི་ཉུང་ཤས”ཀྱི་སྣེ་ཁྲིད་སློབ་སྦྱོང་དང་། ཏང་ཀྲི་པུའི་ཞིབ་སྦྱོང་། གཞི་རྟེན་གསར་གཏོད་ཀྱིས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱུན་གཏན་ནས་སློབ་སྦྱོང་བྱ་རྒྱུ་དེ་རྒྱུན་སྲོལ་ཞིག་ཏུ་འགྱུར་བར་བྱས་པ་དང་། 《བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཉེན་བརྡའི་གྱོད་དཔེ་ཕྱོགས་བསྒྲིགས》ལེགས་སྒྲིག་པར་འདེབས་དང་། ཆེས་མཐོའི་ཞིབ་དཔྱོད་ཁང་གི《ཞིབ་དཔྱོད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གྱོད་དཔེ་བརྒྱད་སྐོར་གྱི་བརྡ་ཁྱབ》དང་ཟུང་འབྲེལ་གྱིས་གནད་དོན་བཤེར་འདོན་དང་གཅིག་སྡུད་བཅོས་སྒྲིག་བྱས་ཏེ། ཉེན་བརྡ་ལས་དོན་ནང་མཉམ་འདྲེས་དང་རང་རྟོགས་སུ་འགྱུར་བར་བྱས་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། མི་དམངས་ལྟ་སྐུལ་པ། བཅའ་ཁྲིམས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་། བོད་ལྗོངས་སློབ་ཆེན་གྱི་དགེ་སློབ་ཀྱི་འཐུས་མི་སོགས་མི་40ལྷག་ཙམ་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོར་གདན་དྲངས་ནས། རང་འགུལ་ངང་སྤྱི་ཚོགས་ཀྱི་ལྟ་སྐུལ་ཤན་འབྱེད་དང་ལེན་བྱས་ཏེ། བསམ་འཆར་དང་ལེན་བྱ་རྒྱུ་དེ་རྒྱུན་རྣམ་དང་གོམས་གཤིས་སུ་འགྱུར་བར་བྱས་ཡོད།
རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར“རྒྱུན་སྲིང་ལྷོད་མེད་ངང་སློབ་སྦྱོང་དང་བགྲོ་གླེང་བྱེད་པ་ནི་ཞིབ་དཔྱོད་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དེ་བས་ཡག་པོ་གཏོང་ཆེད་ཡིན་ཞིང་། ང་ཚོས་ཀྱང་གྲུབ་འབྲས་དངོས་དང་ཕན་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་གི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པ་ལས་སློབ་སྦྱོང་དེ་རྣམ་པ་ཙམ་དུ་མི་འགྱུར་བར་བྱེད་དགོས”ཞེས་བཤད།
ཆབ་སྲིད་འཛུགས་སྐྱོང་ཐད། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་སྲོལ་དུ་བརྩིས་ནས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། “ལྷག་བསམ་རྣམ་དག་དང་། དམངས་ལ་ཕན་འདོགས་པ། འགན་འཁྲི་འཁུར་ཕོད་པ། དྲང་གཞག སྤྱོད་གཙང”བཅས་ཀྱི་དུས་རབས་གསར་པའི་ཞིབ་དཔྱོད་སྙིང་སྟོབས་སྐྱེད་སྲིང་དང་དར་སྤེལ་ཤུགས་ཆེན་གཏོང་བ། སློབ་སྦྱོང་རྣམ་པའི་ལས་ཁུངས་འཛུགས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་བཅས་བརྒྱུད།“བོད་ལྗོངས་ཞིབ་དཔྱོད། གངས་ལྷ་མེ་ཏོག་ལྷུག་པོར་བཞད”ཅེས་པའི་སྤུས་རྟགས་བཏོད་པ་དང་། བོད་ཀྱི་ཁྱད་ཆོས་ཀྱི་ཞིབ་དཔྱོད་རིག་གནས་ཀྱི་སྤུས་རྟགས་15བཏོད་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བོད་ཀྱི་ཞིབ་དཔྱོད་ཀྱི་དམག་ཧྲག་ཅིག་སྔར་བས་བཏོད་ཡོད།
ཞིབ་དཔྱོད་ཀྱི་འགན་ནུས་གང་ལེགས་འདོན་པའི་ཐད། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་གྱོད་གཞི་ཚང་མ་སྤུས་ཚད་མཐོ་ལ་ཕན་ནུས་ལྡན་པའི་སྒོ་ནས་ཐག་གཅོད་ཡག་པོ་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཤིང་། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱོན་བཅའ་ཁྲིམས་ལྟ་སྐུལ་གྱོད་གཞི་སྣ་ཚོགས་6026སྒྲུབ་གཉེར་བྱས་ཡོད། དམངས་དོན་དང་། སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས་ཀྱི་ཞིབ་དཔྱོད་གྱོད་སྒྲུབ་བསྡོམས་འབོར་2020ལོ་ལས་197.7%འཕར་བ་དེས་ཉེས་དོན་ཞིབ་དཔྱོད་ཀྱི“ཕྱོགས་གཅིག་སྒེར་སྡོམ”གྱི་རྣམ་པར་རྩ་བ་ནས་འགྱུར་ལྡོག་བཏང་སྟེ། འགན་དབང་གཞིར་བཟུང་རང་འགུལ་ངང་གྱོད་སྒྲུབ་བྱེད་ཚད་230%འཕར་བ་དང“ཞིབ་དཔྱོད་ཆེན་པོ་བཞི”ཕྱོགས་ཡོངས་མཐུན་སྦྱོར་དང་འཕེལ་རྒྱས་གང་ལེགས་གཏོང་བའི་རྣམ་པ་གཞི་རྩའི་ཆ་ནས་གྲུབ་ཡོད།
དམངས་ཆེད་ཁྲིམས་འཛིན་གྱི་དམིགས་ཡུལ་ལག་ལེན་བསྟར་བའི་ཐད། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་དམངས་ཆེད་ཞིབ་དཔྱོད་ཀྱི་བྱེད་ཐབས་འགའ་ཞིག་བཟོས་ནས་ལག་ལེན་བསྟར་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་38ལ་ཁྲིམས་འཛིན་རོགས་སྐྱོབ་བྱས་ནས་གྱོད་གཞི་23སྒྲུབ་གཉེར་བྱས་ཤིང་། རོགས་སྐྱོབ་དངུལ་སྒོར་ཁྲི་75.6སྤྲད་པ་དང་། ཞིང་པ་ལས་མིར་ངལ་རྩོལ་གླ་ཕོགས་སྒོར་ཁྲི་285ལྷག་ལེན་རོགས་བྱས་པ། ‘12309’ཁ་པར་རྒྱག་སའི་ཁང་ཆུང་303བསྐྲུན་པ། ན་སོ་དར་ལ་མ་བབས་པའི་མིར་ཁྲིམས་འགལ་གྱི་གནོད་འཚེ་ཕོག་པའི་གྱོད་གཞི་19ཤེས་རྟོགས་བྱུང་བ་དང་སྦྲགས་ཐག་གཅོད་བྱས་པ། ཞིབ་དཔྱོད་དཔོན་380ཡིས་ཁྲིམས་སྐྱོང་སློབ་སྤྱི་གཞོན་པ་དང་ཁྲིམས་སྐྱོང་ཟུར་ཁྲིད་པའི་འགན་ཁུར་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་མི་ཐེངས་ཁྲི་7.1ལྷག་ཞུགས་ཡོད་པ་རེད།
འདི་ལོ་ཚུན་དུ། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་ཕུལ་བྱུང་གྱོད་སྒྲུབ་ཚོགས་པ་12དང་ཕུལ་བྱུང་གྱོད་སྒྲུབ་ཞིབ་དཔྱོད་དཔོན་13ལ་གཟེངས་བསྟོད་བྱས་ཡོད། 12309མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“གཡང་འཛོམས་ཐད་སྦྲེལ་ཁ་པར”ལ་རྒྱལ་ཡོངས་ཀྱི་ལས་གནས་ཐོག་ལེ་ཧྥུང་ལ་སློབ་སྦྱོང་བྱེད་མཁན་དཔེ་དམག་མཉམ་སྡེབ་ཀྱི་མཚན་སྙན་དང་། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་ལ་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པའི་མཚན་སྙན་ཐོབ་པ་རེད།
ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་དེ་བས་བརྟན་པའི་དད་སེམས་དང་། དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ། དེ་བས་ནུས་ལྡན་གྱི་བྱེད་ཐབས་བཅས་ལ་བརྟེན་ནས། དུས་རབས་གསར་པའི་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་ཐོག་གཟི་བརྗིད་གསར་པ་མུ་མཐུད་བཏོད་ནས་དྲང་གཞག་དྲང་བདེན་གྱི་ཉི་འོད་གངས་ལྗོངས་ཀྱི་ས་གཞི་ཡོངས་ལ་འཕྲོ་བར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།