དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • སློབ་གྲྭའི་མེ་ཟོན་རྒྱུན་ཤེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-03

    སློབ་གྲྭའི་ནང་དཔེ་དེབ་དང་ཤོག་བུ་སོགས་སློབ་ཁང་དང་དཔེ་མཛོད་ཁང་གི་གང་སར་སྤུངས་ཡོད་པ་དང་། ཤིང་གི་ཅོག་ཙེ་དང་། རྐུབ་སྟེགས། དཔེ་སྒྲོམ་སོགས་གང་སར་མཐོང་རྒྱུ་ཡོད་ལ་དེ་དག་ཚང་མ་མེ་འབར་སླ་པོ་ཡོད། མེ་བསད་མེད་པའི་ཐ་མག་གི་ཕྲུག་ལྷག་དང་མེ་ལྕགས་སོགས་ཚང་མ་མེ་སྐྱོན་གྱི་རྐྱེན་རྩ་རེད། དེའི་ཁར་སློབ་གྲྭ་ནི་དཔེ་མཚོན་གྱི་མི་སྣ་འདུ་འཛོམས་བྱེད་ས་ཞིག་ཡིན་པས། སློབ་ཁྲིད་ཐོག་ཁང་དང་། ཉལ་ཁང་། དཔེ་མཛོད་ཁང་བཅས་སུ་དགེ་སློབ་མང་པོ་འཛོམས་སྟབས་མེ་སྐྱོན་ཐོན་ཚེ། མི་ཚོགས་ཕྱིར་དོན་ཧ་ཅང་དཀའ་བ་དང་། གུ་དོག་པའི་བར་ཁྱམས་ཚེ་སྲོག་བགྲོད་ལམ་གྱི་བཅུར་འགག་ཅིག་ཏུ་གྱུར་ནས་འཚང་ཁ་དང་རྡོག་བརྫིས་སོགས་ཡིད་སྐྱོ་བའི་གནས་ཚུལ་ཐོན་སྲིད།

    སློབ་གྲྭའི་མེ་ཟོན་ནི་དོན་ཆུང་ཞིག་མིན་པས《སློབ་གྲྭའི་མེ་ཟོན་རྒྱུན་ཤེས》བློ་ལ་བརྟན་པོར་ངེས་དགོས།

    མེ་སྐྱོན་གྱི་ཉེན་བརྡ་གཏོང་བ།

    “119”མེ་སྐྱོན་ཉེན་བརྡའི་ཁ་པར་རྒྱག་སྐབས་ཡིད་རྣལ་དུ་ཕབ་སྟེ་ས་གནས་གསལ་པོར་ཤོད་དགོས་པ་དང་ས་གནས་ས་ཐོག་གི་གནས་ཚུལ་གསལ་པོར་ཤོད་དགོས།

    རྒྱུན་དུ་ནང་སྦྱོང་བྱེད་པ་དང་བདེ་འཇགས་འགན་ལེན་བྱེད་པ།

    མེ་གསོད་དང་འཕྲལ་སྡོམ་ཁ་འགྲེམ་གྱི་སྔོན་ཇུས་བཟོས་ནས་དུས་བཀག་ལྟར་ཁ་འགྲེམ་ནང་སྦྱོང་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་བྱས་ཏེ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས།

    སྲོག་ཐར་བགྲོད་ལམ།

    སྲོག་ཐར་སྒེའུ་ཁུང་འགོག་མི་ཆོག་པ་དང་། སྐས་ཀར་འགྲོ་ས་འགོག་མི་ཆོག་པ། བདེ་འཇགས་ཐོན་སྒོ་འགོག་མི་ཆོག་པ། ཁ་འགྲེམ་མཛུབ་སྟོན་མཚོན་རྟགས་མེད་པར་བཟོ་མི་ཆོག་པ། མེ་ཟོན་རླངས་འཁོར་གྱི་བགྲོད་ལམ་བཟུང་མི་ཆོག་པ། མེ་འགོག་སྒོ་རྒྱུན་དུ་རྒྱག་པ་བཅས་བྱེད་དགོས།

    སློབ་ཁང་།

    མེ་ཟོན་བདེ་འཇགས་ལམ་ལུགས་ལ་བརྩི་སྲུང་ཞུ་བ་དང་། འབར་གས་སླ་བའི་དངོས་རྫས་མི་འཁྱེར་བ། སློབ་ཁང་གི་སྒོ་རྩའི་བགྲོད་ལམ་ཤར་གཏོང་ཐུབ་པ་བཅས་བྱས་ཏེ་དུས་ཐོག་ཏུ་གློག་ཆས་དང་གློག་སྒྲོན་གྱི་སྒྲིག་ཆས་ཁ་བཀག་དགོས། སློབ་ཁང་ནང་གི་སྒྲིག་ཆས་ལ་རྒྱུན་གཏན་དང་མི་འདྲ་བའི་གནས་ཚུལ་ཡོད་པ་ཤེས་ཚེ་དུས་ཐོག་ཏུ་དགེ་རྒན་ལ་སྙན་སེང་ཞུས་ནས་སློབ་གྲྭའི་མེ་ཟོན་ཡོ་བྱད་ལ་གཅེས་སྤྲས་བྱེད་དགོས།

    དཔེ་མཛོད་ཁང་།

    མེ་སོན་ཁང་པའི་ནང་དུ་འཁྱེར་མི་ཆོག་པ་དང་། དཔེ་ཀློག་ཁང་དང་དཀར་ཆག་བཙལ་འཚོལ་ཁང་སོགས་སུ་ཐ་མག་འཐེན་མི་ཆོག་པ། སྦྲང་འགོག་སྤོས་སྤོར་མི་ཆོག་པ། གློག་ཐབ་དང་གློག་གི་དབུར་ཏི་སོགས་གློག་ཆས་སྤྱོད་མི་ཆོག་པ། འབར་སླ་བའི་དངོས་པོས་ཤེལ་ཏོག་འགེབ་མི་ཆོག་པ། རང་དགར་གློག་སྐུད་འཐེན་མི་ཆོག་པ། ཐེག་ཚད་ལས་བརྒལ་ཏེ་གློག་སྤྱོད་མི་ཆོག

    ཚོད་ལྟ་ཁང་།

    བདེ་འཇགས་དོ་དམ་གྱི་གཏན་འབེབས་ཁག་དང་བདེ་འཇགས་བཀོལ་སྤྱོད་སྒྲིག་སྲོལ་ཁག་ལ་བརྩི་སྲུང་ནན་པོ་ཞུ་དགོས། དཔྱད་ཆས་དང་སྒྲིག་ཆས་བེད་སྤྱོད་མ་བྱས་གོང་གློག་ཁུངས་དང་། གློག་སྐུད། མེ་ཁུངས། རམ་འདེགས་དཔྱད་ཆས་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་ནན་པོ་བྱེད་དགོས། ཚོད་ལྟ་ཁང་ནས་ཁ་བྲལ་སྐབས་གློག་སྤྱོད་སྒྲིག་ཆས་ཀྱི་སྒོ་བརྒྱབ་ནས་གློག་ཁུངས་རྦད་དེ་གཅོད་དགོས། (བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།