དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • དམའ་འབྲིང་བོད་སྐད་ཡིག་བསྐྱར་སྦྱོང་དང་སློབ་ཁྲིད་བྱེད་ཐབས་སྐོར་གྱི་མྱོང་བ་རགས་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-22

    སྤྱིར་སློབ་གསོ་ཟེར་བ་ནི་སྣོད་ནང་དུ་ཆུ་བླུགས་པ་བཞིན། ཤེས་བྱ་གང་རུང་ཞིག་སློབ་མར་བརྒྱུད་སྤྲོད་བྱ་རྒྱུ་ཙམ་མ་ཡིན་པར། སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་ནི་མི་ཞིག་གི་མི་གཤིས་ཇེ་བཟང་དུ་གཏོང་བའི་གོ་རིམ་དེ་དང་། ད་དུང་དེའི་བསམ་པའི་ཤེས་རིག་དང་གོ་རྟོགས་མཐོ་རུ་གཏོང་བའི་སློབ་སྦྱོང་གི་གོ་རིམ་དེ་རེད། དེས་ན་མི་ཞིག་གི་མི་གཤིས་ལེགས་པར་སྐྱོང་དགོས་ན། “དངུལ་རྡོ་ལ་དངུལ་གནས་པ་དང་། ཏིལ་ལ་ཏིལ་མར་གནས་པའམ། འོ་མ་ལ་མར་གནས་པའི”དཔེ་བཞིན། མི་གཤིས་གསོ་སྐྱོང་གི་གདམས་ངག་མི་ཉུང་བ་ཞིག་ནི་རང་ཅག་བོད་སྐད་ཡིག་གི་རིག་ཚན་འདི་ན་མཆིས་པས། ང་ཚོས་དམའ་འབྲིང་བོད་སྐད་ཡིག་གི་བསླབ་ཚན་ཁག་སློབ་མར་འཆད་ཁྲིད་ལེགས་པར་བྱེད་རྒྱུ་དེ་ཡང་མི་གཤིས་གསོ་བའི་ཐབས་ལམ་ཞིག་ཡིན་ཞིང་། གང་དེར་འབྲས་བུ་ཡིད་ཚིམ་པ་ཞིག་ཐོབ་འདོད་ན་ཅིས་ནས་ཀྱང་སྒྲུབ་དགོས་པའི་ཐབས་ལམ་ཁག་གཅིག་མཆིས་པར། འདིར་རང་ཉིད་ཀྱི་མྱོང་བ་མདོར་བསྡུས་ཤིག་གླེང་བའོ།

    དང་པོ། ལས་གཞི་འདིར་དམིགས་པའི་འཆར་གཞི་ཡག་པོ་འགོད་དགོས།

    ལས་གཞི་འདིར་དམིགས་པའི་འཆར་གཞི་འགོད་པ་འདི་ལ་ཡང་ཐོག་མར་དགེ་རྒན་རང་ངོས་ཀྱིས་སློབ་དུས་གང་འདིའི་སློབ་ཚན་འཆར་འགོད་ཀྱི་ཁྱད་པར་དང་། དུས་ཚོད་ཀྱི་ཁྱད་པར། དེ་བཞིན་འཛིན་གྲྭ་གང་དེའི་སློབ་མའི་ཁྱད་ཆོས་ལ་དམིགས་ཏེ། བོད་སྐད་ཡིག་སྦྱོང་ཐབས་དང་། ཤེས་ཚད་བརྟག་ཐབས། སློབ་ཚན་གསར་ཁྲིད་བྱེད་ཐབས། བསྐྱར་སྦྱོང་བྱེད་ཐབས། ལྷག་པར་དུ་སྦྱངས་འབྲས་ཞན་པའི་སློབ་མར་དམིགས་པའི་ཁ་གསབ་སློབ་ཁྲིད་བྱེད་ཐབས་སོགས་ལ་འཛིན་གྲྭའི་དོན་དངོས་དང་འཚམ་པའི་འཆར་གཞི་འགོད་དགོས་པ་དང་། དེ་ནས་སློབ་མ་ཚོས་ཀྱང་རང་རང་གི་ཁམས་དང་མཐུན་པའི་འཆར་གཞི་འགོད་རྒྱུའི་རེ་བ་འདོན་དགོས་ཏེ། ཉིན་རེའི་སློབ་ཚན་གསར་པའི་ནང་དོན་ལ་སྔོན་སྦྱོང་བྱེད་ཐབས་དང་། ལྷག་པར་དུ་སྦྱངས་ཟིན་པའི་ཤེས་བྱ་ཁག་ལ་བྱ་ཐབས་གང་འདྲ་ཞིག་སྤྱད་ནས་བསྐྱར་སྦྱོང་དང་སྲ་བརྟན་བྱེད་ཐབས་སྐོར། མདོར་ན་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པར་བྱས་ནས་རང་འཁྲིའི་ལས་ལ་འབད་པ་ཇི་ལྟར་བྱ་ལུགས་སོགས་འཁོད་དགོས་ཤིང་། འཆར་གཞི་དོན་འཁྱོལ་ཡོང་ཆེད་དུས་ཚོད་བཀོད་སྒྲིག་ཁ་གསལ་བྱེད་དགོས། 《སྤྱོད་འཇུག》ལས། གོམས་ན་སླ་བར་མི་འགྱུར་བའི། དངོས་དེ་གང་ཡང་ཡོད་མ་ཡིན། དེ་བས་གནོད་པ་ཆུང་གོམས་པས། གནོད་པ་ཆེན་པོའམ་བཟོད་པར་བྱ། ཞེས་གསུངས་པ་བཞིན། ང་ཚོས་དེ་ལྟར་ཉིན་རེའི་བྱ་བར་འཆར་གཞི་ཡོད་པའི་སྒོ་ནས་འབད་བརྩོན་བྱས་ན། ཉོག་ཉོག་འདྲ་བའི་བྱ་བ་འདི་དག་ཀྱང་གོམས་འདྲིས་ཀྱི་དབང་གིས་དེ་ཙམ་དཀའ་ཁག་མེད་པར་སྒྲུབ་ཐུབ་ངེས་རེད།

    《ཕུ་ནུའི་མདོ》ལས། ནུ་ན་རེ། ལསུ་བྱ་འོ་ཆོག་ལ་དམྱིགསུ་ཕེབས་པར་བྱ་ན་ཆི་ལྟར་བྱ། ཕུ་ན་རེ། མྱི་ལ་ལ་ནི་གཞུང་ལ་ནི་རྩིང་ཚིག་ལ་ནི་ཞིབ་པ་ཡོདོ།། མྱི་ལ་ལས་མྱི་དགོས་པའི་། ཡན་ལག་ལ་ནི་ཞིབ་ཆིང་དགོས་པའྀ་མདོ་ལ་ནི་རྩིང་བ་ཡང་ཡོད་དོ། ཡང་དག་པར་ན་ནི། མདོ་མ་ཤོར། ཡན་ལག་ཀུན་གྱང་ཞར་ལ་འདུསྟེ། དེ་ལས་འདའ་བ་ཡང་མྱེདོ། གཆིག་ཏུ་ན་མྱོང་ཤེས་པ་ལ། འདྲི་བ་ཡང་མ་ནོར་བའི་མཆོག་ཡིནོ། ཞེས་གསུངས་པ་བཞིན། བྱ་བ་གང་ཡིན་ཡང་གནད་དུ་འཁེལ་བ་དང་ཡང་དག་པ་ཞིག་ཡོང་བར། ཉམས་མྱོང་མང་ཞིང་ཤེས་པ་ཅན་ལ་གྲོས་འདྲི་བ་ཕུད་རང་གི་འཆར་གཞི་ལྟར་ཁ་བཤད་ལག་ལེན་བསྟར་དགོས་པ་ཡིན་ལ། དགེ་རྒན་ཚོས་སློབ་མ་རྣམས་ལ་ཡང་དག་པའི་མཛུབ་སྟོན་བྱ་རྒྱུའང་གལ་ཆེ་སྟེ། དགེ་རྒན་གྱི་མི་གཤིས་ཡག་པོ་དང་། སྤྱོད་པ་བཟང་པོས་སློབ་མའི་ནང་སེམས་འགུགས་ཐུབ་ལ། སློབ་མས་དེ་ལ་བརྟེན་ནས་དགེ་རྒན་གྱིས་བཏང་བའི་སློབ་གསོ་སེམས་ལ་འཛིན་ཞིང་རང་གཤིས་ཀྱང་ཇེ་ལེགས་སུ་གཏོང་བར་ཤིན་ཏུ་སྨན་ལ། དགེ་རྒན་གྱི་ཀུན་སྤྱོད་ནི་མི་རབས་རྗེས་མ་ཡ་རབས་ལེགས་ལམ་དུ་ཁྲིད་པ་དང་། ཡ་རབས་ཤིང་འཇོན་ཐང་ཅན་ཞིག་ཏུ་སྐྱེད་སྲིང་བྱེད་པའི་མ་མ་དང་མིག་དཔེ་ལྟ་བུ་ཞིག་ཡིན་པས། སྔོན་ལ་དགེ་རྒན་རང་ངོས་ནས་འཆར་གཞིར་འཁོད་པ་བཞིན་རེ་རེ་བཞིན་ལེགས་གྲུབ་ཡོང་བ་ལ་འབད་ནས་སླད་མར་སློབ་མར་ཡང་དེ་ལྟར་རང་རང་གི་འཆར་གཞི་ལྟར་ཉིན་རེའི་འོས་འགན་ཉིན་རེར་སྒྲུབ་དགོས་པའི་རེ་བ་འདོན་དགོས།

    གཉིས་པ། སློབ་མ་ཚོའི་སྦྱོང་ཚད་ལ་ཤེས་རྟོགས་བྱེད་ཐབས་སྐོར།

    མི་གཤིས་ཀྱི་ཕན་ནུས་དང་ཤེས་བྱ་ཡི་ནུས་རྩལ་དེ་དགེ་རྒན་གྱི་ཀུན་སྤྱོད་དང་བྱ་བྱེད་ལས་ཐོབ་པས། དགེ་རྒན་གྱི་ཚད་མཐོ་བའི་བྱ་སྤྱོད་དང་ཁྱད་འཕགས་ཀྱི་ནུས་པ། གཏིང་ཟབ་པའི་ཤེས་ཡོན་བཅས་ཀྱིས་སློབ་མའི་ཡིད་སེམས་འགུགས་ཐུབ་པ་ཡིན། དེ་བས། སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་དག་ལ་སློབ་མས་དགའ་མགུ་ཡི་རང་བྱེད་པ་ཡིན། 《ཆུ་ཤིང་བསྟན་བཅོས》ལས། དད་ལྡན་རང་བཞིན་བཟང་པོ་དེར། ཚིགས་བཅད་གཅིག་ཙམ་གྱིས་ཀྱང་ཕན། རྐང་འཐུང་གསར་བའི་མྱུ་གུ་དེ། ཆུ་ཆར་ཟེགས་མ་ཡིས་ཀྱང་འཕེལ། ཞེས་པ་བཞིན། གཞན་ཕན་གྱི་བསམ་པས་སློབ་མར་ཁྲིད་སྟོན་བྱས་ན་ཞི་དུལ་དོན་གཉེར་ཅན་གྱི་སློབ་མའང་མང་དུ་འཕེལ་ངེས་ཡིན། དེས་ན་ང་ཚོས་གཞན་ཕན་གྱི་ལྷག་བསམ་བཟང་པོས་བསྐུལ་ནས་སློབ་མ་ཚོའི་སྦྱོང་ཚད་ལ་ཤེས་རྟོགས་བྱེད་དགོས་ཏེ། དེང་སྐབས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་སྤྱི་ཡོངས་ལ་མ་འདང་བའི་ཆ་ཞིག་ཡོད་པ་ནི། སློབ་ཕྲུག་རྣམས་ཀྱིས་རང་འགུལ་ངང་ཁྲིད་ཟིན་པའི་ཤེས་བྱར་བསྐྱར་སྦྱོང་སྲ་བརྟན་དང་། འཁྲིད་མེད་པའི་སློབ་ཚན་ལ་སྔོན་སྦྱོང་བྱེད་པ་འདི་ལགས་པས། དགེ་རྒན་གྱིས་དུས་ཚོད་གཏན་འཁེལ་གྱིས་སྔོན་སྦྱོང་དང་། བློ་འཛིན་སོགས་ཀྱི་སྦྱོང་ཚན་བཀོད་སྒྲིག་བྱེད་དགོས་པ་གང་ཞིག དུས་ཚོད་བཀོད་སྒྲིག་གིས་སློབ་མས་བློར་འཛིན་ཡོད་མེད་བརྟག་དགོས།

    ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཡར་སྐུལ་གདམས་ངག་ལས། “ཤེས་རབ་ནི་གང་བྱུང་དུ་འཐོབ་ནུས་པ་ཞིག་མ་ཡིན་པར་བརྩོན་པ་དང་། འབད་པ་ཡི་གོ་རིམ་ངེས་ཅན་ཞིག་མ་བརྒྱུད་ན་ཁྱོད་ལ་ཤེས་རབ་ཀྱི་ལས་སྐལ་གང་ཡང་མེད”ཅེས་གསུངས་པ་བཞིན། མི་ཞིག་གི་ཤེས་ཚད་ལ་མཐའ་མེད་པས་ཤེས་རབ་ནི་དུས་ཚོད་སྐད་ཅིག་ཙམ་གྱི་ངར་ཤུགས་དང་། བློ་རིག་འགྲན་པ་ཙམ་མ་ཡིན་པར། གང་དེའི་འབད་བརྩོན་གྲངས་མེད་ཀྱི་བློ་སྦྱོང་བརྒྱུད། ཆུ་ཐིགས་བསགས་པའི་རྒྱ་མཚོ་ཡི་དཔེ་ལྟར་བྱུང་བ་ཞིག་ཡིན་པས། དགེ་རྒན་རྣམ་པས་ཀྱང་སློབ་མར་སྦྱོང་ཚན་ཁ་གསབ་དང་ཟུར་ཁྲིད་རྒྱུན་འཁྱོངས་བྱེད་དགོས་ལ། སློབ་མའི་སྦྱོང་ཚད་ཤེས་རྟོགས་བྱེད་པའི་བརྒྱུད་རིམ་ཁྲོད་སློབ་མས་འདི་དག་ལེགས་གྲུབ་བྱེད་པའི་ཁྲལ་འུར་ཙམ་ལ་མི་བརྩི་བར་ལག་ལེན་དོན་ལ་འཁྱོལ་དགོས་པའི་རེ་བ་ཡང་ཞར་དང་ཞོར་ལ་འདོན་རྒྱུ་གལ་ཆེ་བར་མཐོང་།

    གསུམ་པ། བསླབ་གཞིའི་ནང་དོན་དང་འཚམ་པའི་དྲི་བ་འདོན་དགོས་པ།

    ཐོག་མར་དགེ་རྒན་རང་ཉིད་ཀྱིས་སློབ་ཁྲིད་དངོས་ཀྱི་ཁྱད་པར་དང་བསྟུན་ཏེ་གཙོ་གནད་དང་དཀའ་གནད་ལ་དམིགས་གང་ཐུབ་ཀྱིས་ཡིག་རྒྱུགས་ཀྱི་ནང་དོན་འཆར་འགོད་དང་། ཡིག་རྒྱུགས་དངོས་གཏོང་། བློ་ཞིབ་མོས་རྒྱུགས་གཞི་བཅོས་པ་དང་སློབ་མ་མི་རེ་ངོ་རེར་ནོར་བ་དང་མ་ཤེས་པའི་ནང་དོན་ཁ་གསབ་ཐུབ་པ་སོགས་བྱེད་དགོས། སྐབས་རེ་གོང་དུ་བཏང་ཟིན་པའི་རྒྱུགས་གཞི་ཁག་ལས་གང་རུང་གཅིག་བདམས་ཏེ་བསྐྱར་དུ་འབྲི་བའི་ཐབས་ཤེས་སྤྱོད་དགོས། དེས་སྦྱངས་ཟིན་པའི་ཤེས་བྱ་སྔར་བས་སྲ་བརྟན་དང་སློབ་མའི་བློ་ལ་རྡོ་བརྐོས་རི་མོ་བཞིན་བཟུང་བདེ་བའི་ནུས་པ་དམིགས་བསལ་ཞིག་ཐོན་པར་ཕན་ཆེ་སྙམ། འགྲོ་མགོན་གཙང་པ་རྒྱ་རས་ཀྱིས། བརྡུང་གཏག་བྱུང་ན་དབང་བསྐྱུར་ཡིན། བྱིན་རླབས་འཇུག་ན་དེ་ལ་འཇུག བཀའ་སྐྱོན་དྲག་པོ་དྲག་བསྔགས་ཡིན། བར་ཆད་ཐམས་ཅད་དེ་ཡིས་སེལ། ཞེས་གསུངས་པ་བཞིན། དྲི་གཞི་དང་སློབ་མའི་ནུས་པ་བརྟག་པའི་སྐབས་ཕྱོགས་གང་ཅིའི་ཐད་ནས་ལེགས་གྲུབ་བྱེད་མི་ཐུབ་པའི་སློབ་མ་འགའ་རེའི་ཁྱིམ་བདག་དང་ཕན་ཚུན་འབྲེལ་བ་བཙུགས་ནས། དགེ་རྒན་གྱིས་སློབ་མ་རེ་རེའི་ཁྱིམ་བདག་ལ་འབྲེལ་འདྲིས་དང་རྒྱུས་ལོན་ཐུབ་པ་བྱེད་དགོས། དེ་ཡང་དགེ་རྒན་རང་ཉིད་ཀྱི་དཔེ་ཁྲིད་མི་སྐྱོང་གི་འགན་ཁུར་གྱི་སེམས་པར་ལྷོད་གཡེང་མེད་པར་ངང་རྒྱུད་རིང་བ་དང་། ལྷག་བསམ་དག་པ། ཁ་དན་ཚིག་ལ་གནས་པའི་སྒོ་ནས་གང་ཐུབ་ཅི་ཐུབ་ཀྱིས་ཐབས་ལམ་སྣ་ཚོགས་དང་གོ་སྐབས་བསྐྲུན་ཏེ། སློབ་མའི་ཁྱིམ་བདག་ལ་འབྲེལ་འདྲིས་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སློབ་གྲྭའི་སློབ་གསོ་དང་ཁྱིམ་ཚང་སློབ་གསོ་ཟུང་འབྲེལ་ངང་བྱ་དགའ་ཆད་གཅོད་ཀྱི་ཐབས་ཤེས་རེ་ཟུང་སྤྱད་ན་ཕན་པ་ཆེ་ཙམ་འདུག་ལ། བྱ་བརྒྱ་འུར་གཅིག་གི་དཔེ་བཞིན་སློབ་མ་གཞན་ལའང་མ་སྐུལ་དང་བླངས་བྱེད་པའི་ནུས་པ་ཡང་ཐོན་གྱི་འདུག

    བཞི་པ། ཁ་བཤད་ལག་ལེན་ཐུབ་པར་བྱེད་དགོས་པ།

    རང་གཅུན་ནི་ཧ་ཅང་གལ་ཆེན་ཞིག་ཡིན་ཏེ། རྩེར་སོན་གྱི་འབྲས་བུ་ནི་རང་གཅུན་གྱི་འོད་མདངས་ལས་བྱུང་བ་ཡིན་པས། དགེ་རྒན་གྱིས་ཀྱང་རང་ཉིད་ཀྱི་གནས་ཚུལ་དངོས་དང་མཐུན་ཞིང་། རང་ཉིད་ཀྱིས་བྱེད་ཆོག་པ་དང་བྱེད་ཐུབ་པའི་རྨང་གཞིའི་འོག སློབ་མར་སྦྱོང་ཚན་བཀོད་སྒྲིག་བྱེད་དགོས་ཤིང་། བཀོད་སྒྲིག་བྱས་པའི་ནང་དོན་ལ་ངེས་པར་དུ་ཞིབ་བཤེར་ཡག་པོ་བྱེད་དགོས། དཔེར་ན། སྦྱོང་ཚན་དུས་ཐོག་ཏུ་ལེགས་གྲུབ་བྱས་མིན་དང་སྦྱོང་ཚན་གྱི་སྤུས་ཚད་སོགས་ལ་གཞིགས་ནས་རབ་འབྲིང་ཐ་སོགས་ཀྱི་སྐར་མ་སྤྲོད་པའི་ཐབས་ཤེས་སྤྱད་དེ། སྐར་གྲངས་ལ་གཞིགས་ནས་བྱ་དགའ་ཆད་གཅོད་སོགས་ཀྱི་བྱ་བ་དུས་ཐོག་ཏུ་སྒྲུབ་དགོས། དེས་སློབ་མ་ཚོས་སྐད་ཡིག་སློབ་སྦྱོང་དང་བློ་འཛིན། དེ་བཞིན་སྦྱོང་ཚན་ལེགས་གྲུབ་བྱེད་པའི་ཀུན་སློང་བཟང་པོ་བསྐྱེད་པར་ནུས་པ་ཆེན་པོ་ཐོན་ངེས་ལགས། གཞན་ཡང་། དགེ་རྒན་གྱིས་སློབ་མའི་ན་ཚོད་གྱི་ཁྱད་པར་དང་འཚམ་པའི་སློབ་གསོ་དང་། ལྷག་པར་དུ་སློབ་མ་ཚོར་ཡང་དག་པའི་མི་ཚེའི་ལྟ་བ་སྐྱེད་སྲིང་ཐུབ་པར་མིག་དཔེ་བསྟན་ནས། བྱ་བ་འདི་དག་ཁ་དན་ཚིག་ལ་གནས་པའི་སྒོ་ནས་གང་ཐུབ་ཅི་ཐུབ་ཀྱིས་སྒྲུབ་དགོས།

    ལྔ་པ། སློབ་ཁྲིད་དངོས་ཀྱི་ཐབས་ལམ།

    ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཡར་སྐུལ་གདམས་ངག་ལས། “མི་ཞིག་གིས་བྱ་བ་གང་ཞིག་བསྒྲུབས་ཀྱང་འོས་འཚམ་གྱི་དུས་ཚོད་ཤོར་ཚེ་རྐང་རྗེས་ལག་བསུབ་བྱས་པ་ལྟ་བུ་ཡིན”ཞེས་གསུངས་པ་བཞིན། གལ་ཏེ་ཁྱེད་ཀྱིས་དུས་མ་འཛོལ་བར་ཐེངས་རེ་རེའི་གོ་སྐབས་ལ་དམ་འཛིན་བགྱིས་ཏེ་ཟམ་མི་ཆད་པར་རང་ཉིད་ཇེ་ལེགས་ཇེ་བཟང་དང་། འཐུས་སྒོ་ཇེ་ཚང་དུ་བཏང་ན། དོན་གང་མང་ཞིག་འཁྱོངས་ཐུབ་ངེས་ཡིན་པ་ལྟར། སློབ་ཚན་གང་དང་གང་ཞིག་ཡིན་རུང་ང་ཚོས་འོས་འཚམ་གྱི་དུས་མ་འཛོལ་བར་སློབ་ཚན་དངོས་མ་ཁྲིད་གོང་ངེས་པར་དུ་གྲ་སྒྲིག་ཚགས་ཚུད་པོ་བྱེད་དགོས་རྒྱུ་ཤིན་ཏུ་གལ་ཆེ།

    དེ་མིན་དགེ་རྒན་གྱིས་བསླབ་གཞི་ཁོ་ནར་བརྟེན་པའམ་བསླབ་གཞི་ཁོ་ནར་འགྲེལ་བཤད་བྱེད་པར་མགོ་འཁོར་ན། སློབ་མའི་སྐད་ཡིག་སྦྱོང་འདོད་ཀྱི་སེམས་ལ་གཡོ་འགུལ་ཐེབས་ངེས་ཡིན་ལ། སྐད་ཡིག་སྦྱོང་འདོད་ཀྱི་སེམས་ཤུགས་ཀྱང་ཉམས་ངེས་པས། ངེས་པར་དུ་སློབ་མའི་སེམས་ཁམས་དང་མོས་པར་བསྟུན་ནས། སྐབས་རེ་སྒྲུང་དང་གཏམ་རྒྱུད་སོགས་བཤད་དེ། སློབ་མའི་སྐད་ཡིག་སྦྱོང་འདོད་ཀྱི་སྤྲོ་སྣང་འཕེལ་ཐབས་བྱེད་དགོས། མདོར་ན། དགེ་རྒན་ཚོས་སློབ་ཁྲིད་མ་བྱས་གོང་འབྲེལ་ཡོད་ཀྱི་དཔྱད་གཞིར་ལྟ་བ་དང་གཞན་གྱི་བསམ་འཆར་ལ་ཉན་པ་སོགས་སློབ་ཁྲིད་ཀྱི་གྲ་སྒྲིག་ལེགས་པར་བྱས་ནས“རེ་བ་དང་ཕུ་ཐག་རིང་ཡང་། བརྩོན་པ་དང་བར་ཐག་ཉེ་བ”ཞིག་ཐུབ་པར་ཅིས་ཀྱང་འབད་དགོས།

    (ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་སྐལ་བཟང་མཚོ་མོ)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།