དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • གོ་ཆོད་རྩལ་ནུས་ལེགས་པར་སྦྱངས། ལས་ཞུགས་འདུན་པ་མངོན་འགྱུར་བྱུང་།

    ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་2025ལོའི་བོད་བཟོའི་གྱོན་ཆས་བཟོ་རྩལ་གསོ་སྦྱོང་འཛིན་གྲྭའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-19

    སློབ་སྦྱོང་མཇུག་འགྲིལ་བའི་དཔྱད་ཞིབ་ཀྱི་ལྷུ་ཚིགས་ཐོག་ཆེད་ལས་དགེ་རྒན་གྱིས་སློབ་མས་བཙེམས་པའི་གྱོན་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།

    སློབ་སྦྱོང་མཇུག་འགྲིལ་རྗེས་གཡང་ཕུན་བོད་ཆས་ཚད་ཡོད་ཀུང་སིས་ཕུལ་བྱུང་སློབ་མ་དང་ལས་ཞུགས་གྲོས་མཐུན་འཇོག་བཞིན་པ།

    སློབ་མ་ཚོས་སློབ་སྦྱོང་མཇུག་འགྲིལ་རྗེས་ལྷན་འཛོམས་མཉམ་པར་རྒྱག་བཞིན་པ།

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་2025ལོའི་བོད་བཟོའི་གྱོན་ཆས་བཟོ་རྩལ་གསོ་སྦྱོང་འཛིན་གྲྭ་མཇུག་འགྲིལ་བ་དང་། གྲོང་ཁྱེར་ཡོངས་ཀྱི་བུད་མེད་49ཡིས་དུས་ཡུན་ཉིན་40ཡི་རིང་གསོ་སྦྱོང་ནང་ཞུགས་པ་རེད།

    གསོ་སྦྱོང་བྱེད་རིང་། གཡང་ཕུན་བོད་ཆས་ཚད་ཡོད་ཀུང་སི་དང་དེའི་ཆེད་ལས་ཚོགས་པས་རྩལ་ནུས་གང་ཡོད་བུམ་པ་གང་བྱོའི་ཚུལ་དུ་བསླབས་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་མཉམ་འདྲེས་གཏིང་ཟབ་བྱེད་པའི་སློབ་ཁྲིད་རྣམ་པ་སྤྱད་དེ། སློབ་མ་ཚོར་བོད་བཟོའི་གྱོན་ཆས་ཀྱི་ཇུས་འགོད་འདུ་ཤེས་དང་། ཐིག་འཐེན་ཐབས། འཚེམ་བཟོའི་བཟོ་རྩལ་སོགས་ཀྱི་ཤེས་བྱ་གོ་རིམ་ལྡན་པའི་ངང་སློབ་ཁྲིད་བྱས་པ་མ་ཟད། ས་གནས་ས་ཐོག་ཏུ་དངོས་སྦྱོང་མཛུབ་ཁྲིད་བྱས་ཏེ་སློབ་མ་ཚོས་བོད་བཟོའི་གྱོན་ཆས་བཟོ་བའི་རྩལ་ནུས་ཁོང་དུ་ཆུད་པར་བྱས་པ་རེད།

    སློབ་སྦྱོང་མཇུག་འགྲིལ་བའི་མཛད་སྒོ་འཚོག་ཡུལ་དུ་སློབ་མ་ཚོས་རང་ཉིད་ཀྱི་རྩལ་ནུས་ཡག་ཤོས་ངོམས་ནས་འཚེམ་སྐུད་དང་ཐིག་དྲས་རེ་རེའི་ཐོག་ནས་རང་གིས་སྦྱངས་པའི་ལག་རྩལ་མངོན་པར་བྱས་ཡོད། དེའི་ནང་གོ་འཇོ་རྫོང་གི་ཡེ་ཤེས་ལྷ་མོ་རྐང་པ་ཐང་པོ་མེད་པའི་དབང་གིས་འཁར་རྒྱུག་ལ་བརྟེན་དགོས་མོད། འོན་ཀྱང་ཁོ་མོའི་མིག་ཟུང་ལས་བློ་རྩ་བརྟན་པ་དང་ཡིད་ཆེས་ཀྱིས་ཁེངས་པ་མངོན་ཞིང་། ཁོ་མོས“ད་ཐེངས་ཀྱི་གསོ་སྦྱོང་ནང་ཞུགས་པ་ནི་ངའི་ངོས་ནས་བཤད་ན་མི་ཚེར་འགྱུར་ལྡོག་གཏོང་བའི་གོ་སྐབས་ཤིག་ཡིན། ངས་སྔར་ནས་བཟུང་རང་ཁ་རང་གསོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ད་རེས་སྦྱངས་པའི་བོད་བཟོའི་གྱོན་ཆས་བཟོ་རྩལ་གྱིས་ངའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྩལ་ནུས་ཤེས་བྱུང་། རྫོང་དུ་ལོག་རྗེས་བོད་བཟོའི་གྱོན་ཆས་ཚོང་ཁང་ཞིག་འཛུགས་རྩིས་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

    སློབ་སྦྱོང་མཇུག་འགྲིལ་གྱི་དཔྱད་ཞིབ་ནང་ཨང་དང་པོ་ཐོབ་པའི་སྐལ་བཟང་ལྷ་མོ་ནི་འོན་པ་ཞིག་ཡིན་ཞིང་། ཁོ་མོས“གསོ་སྦྱོང་བྱེད་རིང་རྒན་ལགས་ཚོའི་ངང་རྒྱུད་རིང་ལ་ཞིབ་ཚགས་པའི་སློབ་ཁྲིད་ཀྱིས་གཞན་དང་འབྲེལ་གཏུག་དཀའ་བའི་འགོག་རྐྱེན་སེལ་ཐུབ་པ་བྱུང་ལ། ད་དུང་རྩ་ཆེའི་ལག་རྩལ་མང་པོ་ཤེས་པ་མ་ཟད། ཨང་དང་པོ་ཐོབ་པ་ནི་ངའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་ཆེན་པོ་ཞིག་ཡིན། ངས་མུ་མཐུད་ཧུར་ཐག་འབད་ཐག་གིས་ལག་གཉིས་ལ་བརྟེན་ཏེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན”ཞེས་ལག་བརྡ་བརྒྱུད་ནས་རང་གི་སྙིང་གཏམ་ལྷུག་པོར་གླེང་བྱུང་།

    གཞན་ཡང་། གླེང་རིན་ཡོད་པ་ཞིག་ནི། ས་གནས་ས་ཐོག་གི་ཕུལ་བྱུང་སློབ་མ་བཞིས་ད་དུང་ཀུང་སི་དང་གྲོས་མཐུན་བཞག་ནས་དངོས་སུ་གཡང་ཕུན་བོད་ཆས་ཚད་ཡོད་ཀུང་སིའི་ལས་དོན་པར་གྱུར་པ་མ་ཟད། གླ་ཆ་ལེན་འགོ་ཚུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།