དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བྱམས་བརྩེའི་སྒྲོན་མེ་བཏེཌ། སློབ་གཉེར་ལམ་བུ་གསལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-19

    ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཁྲི་ཁང་དགའ་འཁྱིལ་ཚོང་དོན་ཚད་ཡོད་ཀུང་སིས་སློབ་ཆེན་སློབ་མ་47ལ་མི་རེར་རོགས་དངུལ་སྒོར་2000སྤྲད་པ་རེད། ད་ཐེངས་ཀྱི་སློབ་ཆེན་སློབ་མར་རོགས་དངུལ་སྤྲོད་པའི་བྱེད་སྒོ་དེ་ནི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་རྒྱ་མ་ཁྲི་ཁང་དགའ་འཁྱིལ་ཚོང་དོན་ཚད་ཡོད་ཀུང་སིའི་འགན་འཁུར་བ་དབང་འདུས་ཀྱིས་ལོ་27རིང་མཐའ་འཁྱོངས་བྱས་པའི་སློབ་སྐྱོར་ལ་བརྟེན་ནས་སློབ་མ་དབུལ་པོའི་སློབ་གཉེར་ལམ་བུར་འོད་སྣང་སྦྱིན་པའི་གྲས་ཤིག་རེད།

    བྱེད་སྒོ་སྤེལ་རིང་དབང་འདུས་ཀྱིས་སློབ་ཆེན་སློབ་མ་47དང་ཁྱིམ་བདག་གི་འཐུས་མིར་ཁ་བཏགས་གཡོགས་པ་དང་། སློབ་མ་རེ་རེར་སློབ་སྐྱོར་མ་དངུལ་སྤྲད་ཡོད། དབང་འདུས་ཀྱིས་1998ལོ་ནས་བཟུང་ད་བར་མི་ལོ་27རིང་སློབ་སྐྱོར་གྱི་ལམ་དེར་བསྐྱོད་ཡོད།

    “ང་རང་གྲོང་གསེབ་ཏུ་སྐྱེས་པས། སློབ་གཉེར་གྱི་ལམ་བུ་ནི་ལས་སླ་པོ་ཞིག་མིན་པ་གསལ་པོར་ཤེས་ཀྱི་ཡོད། ད་ཆ་ང་ལ་ནུས་པ་ཕྲན་ཙམ་ཡོད་པས། ཕྲུ་གུ་ཚོར་སློབ་ཆེན་གྱི་ཕུགས་འདུན་འགྲུབ་རོགས་བྱེད་འདོད་ཡོད”དབང་འདུས་ཀྱིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་པའི་སྐད་ཆ་བབ་ཆགས་ལ་བརྩེ་སེམས་ཀྱིས་རབ་ཏུ་ཁེངས། “ཕྲུ་གུ་ཚོ་སློབ་ཆེན་དུ་སྐྱོད་པ་མཐོང་སྐབས་འབྱུང་འགྱུར་སྤྱི་ཚོགས་ལ་ཕན་ཐོགས་པའི་མི་ཞིག་ཏུ་འགྱུར་རྒྱུ་རེད་སྙམ་ནས་དགའ་ཚོར་ཆེན་པོ་སྐྱེ་གི་འདུག དེ་ནི་ངལ་རྩོལ་དཔེ་བཟང་བ་ཞིག་གིས་འཁུར་དགོས་ངེས་ཀྱི་འགན་འཁྲི་ཞིག་ཡིན་ཏེ། སྣེ་ཁྲིད་ནས་བྱ་གཞག་ཡག་པོ་བསྒྲུབ་དགོས་པ་མ་ཟད། དེ་བས་ཀྱང་ཚང་མའི་སྣེ་ཁྲིད་ནས་མཉམ་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཕྱོགས་སུ་སྐྱོད་དགོས”ཞེས་བཤད།

    “ཁྱེད་ཚོས་ཐོག་མར་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་དགོས་པ་དང་། དེ་རྗེས་གཟུགས་པོའི་བདེ་ཐང་དང་འཕྲོད་བསྟེན་ལ་སྣང་ཆེན་བྱེད་དགོས་པ་མ་ཟད། སློབ་སྦྱོང་ཡག་པོ་བྱས་ཏེ་སློབ་གྲྭ་ཐོན་རྗེས་ཕ་ཡུལ་དུ་ཡང་ཡང་ལོག་ནས་རང་ཉིད་ཀྱིས་སྦྱངས་པའི་ཡོན་ཏན་ལ་བརྟེན་ནས་ཕ་ཡུལ་ལ་ལེགས་སྐྱེས་འབུལ་དགོས”ཞེས་དབང་འདུས་ཀྱིས་སློབ་མར་ཚོར་བསླབ་བྱ་བྱེད་ཀྱི་ཡོད།

    བྱང་ཕྱོགས་མི་རིགས་སློབ་ཆེན་གྱི་ལོ་རིམ་གཉིས་པའི་སློབ་མ་པད་མ་བདེ་སྐྱིད་ནི་ད་ཐེངས་ཀྱི་རོགས་སྐྱོར་ཐོབ་མཁན་གྱི་གྲས་ཤིག་རེད། རོགས་དངུལ་ལེན་སྐབས་ཁོ་མོའི་མིག་གཉིས་མཆི་ཞག་འཁོར་བཞིན“ངའི་ཁྱིམ་གྱི་ཆ་རྐྱེན་ཡག་པོ་མེད། རྒྱལ་ཁབ་ནས་སློབ་ཡོན་རྩིས་ཞུ་བྱེད་ཀྱི་ཡོད་མོད། འོན་ཀྱང་སློབ་གྲྭར་འགྲོ་བའི་ལམ་རིན་དང་རྒྱུན་གཏན་གྱི་འཚོ་བའི་གྲོན་དངུལ་ལ་ཕ་མ་གཉིས་པོས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། ཨ་ཁུ་དབང་འདུས་ལགས་ཀྱི་རོགས་རམ་དེ་དུས་ཐོག་གི་ཆར་པ་དང་འདྲ་བར་ང་ཚོའི་ཁྱིམ་གྱི་སེམས་ཁྲལ་རྦད་དེ་བསལ་ནས་ང་རང་བློ་བདེ་པོའི་ངང་སློབ་གྲྭར་འགྲོ་རྒྱུ་བྱུང་། ཨ་ཁུ་དབང་འདུས་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

    ཧུའུ་ནན་ཧོའེ་ཧྭ་ལས་རིགས་ལག་རྩལ་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་པའི་སྐལ་བཟང་ཚེ་རིང་གིས“ཨ་ཁུ་དབང་འདུས་ལགས་ཀྱིས་ང་ལ་དངོས་དངོས་རྗེན་རྗེན་གྱི་རོགས་རམ་བྱས་པས། ངས་འབད་འཐབ་ཀྱི་སྟོབས་ཤུགས་མཐོང་བྱུང་། ཁོང་གིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་བྱ་གཞག་བཏོད་དེ་གཞན་ལ་རོགས་རམ་བྱེད་པའི་སྙིང་སྟོབས་དེས་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ངས་སློབ་གླིང་དུ་ལག་རྩལ་ཡག་པོ་སྦྱངས་ནས་སློབ་གྲྭ་ཐོན་རྗེས་ཕ་ཡུལ་འཛུགས་སྐྲུན་ཁྲོད་ཞུགས་ཏེ་ཁོང་དང་འདྲ་བར་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་མཁན་ཞིག་བྱེད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།