“ཕྲུ་གུ་ཚང་མར་སློབ་གསོ་ཡག་པོ་མཉམ་སྤྱོད་ཐུབ་པར་བྱེད་ཀྱི་ཡིན”
—— ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་སློབ་འབྲིང་གི་སློབ་སྤྱི་བདེ་སྐྱིད་སྒྲོལ་དཀར་གྱི་སྐོར་བཀོད་པ།
ཉིང་ཁྲིའི་མཛེས་ཤིང་ལྟ་ན་སྡུག་པའི་ས་གཞི་འདིའི་ཐོག་སློབ་གསོའི་ལས་དོན་པ་འདི་འདྲ་ཞིག་ཡོད་པ་སྟེ། ཁོང་གིས་མི་ལོ་ཉི་ཤུའི་རིང་འབད་བརྩོན་བྱས་ནས“དཔེ་ཁྲིད་མི་སྐྱོང”གི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་བཅངས་ཏེ། ལྷག་བསམ་རྣམ་དག་ངང་ཕྲུ་གུ་ཚོར་འབྱུང་འགྱུར་གྱི་ལམ་བུ་བཏོད་ཡོད། ཁོང་ནི་2023ལོའི་རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་མིག་དཔེ་དང་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་སློབ་འབྲིང་གི་སློབ་སྤྱི་བདེ་སྐྱིད་སྒྲོལ་དཀར་རེད།
བདེ་སྐྱིད་སྒྲོལ་དཀར་གྱི་སློབ་གསོའི་ཕུགས་འདུན་དེ་བྱིས་དུས་སུ“གཞན་གྱིས་རོགས་རམ་བྱས་པ་”ལས་བྱུང་ཞིང་། ཁོ་མོའི་བྱིས་དུས་ནི་གངས་རིའི་འདབས་ཀྱི་ཀྱག་ཀྱོག་རི་ལམ་དང་འགྲོགས་ཏེ། ཁྱིམ་ཚང་གི་ཆ་རྐྱེན་དཀའ་ཚེགས་ཆེ་ཞིང་སློབ་གྲྭ་དང་རང་ཁྱིམ་དབར་བར་ཐག་ལེ་དབར་བཅུ་ལྷག་ཙམ་ཆོད་པས། ཉིན་ལྟར་ནམ་མ་ལངས་གོང་ལམ་རྒྱགས་ཁྱེར་ནས་རྐང་ཐང་མར་སློབ་གྲྭར་འགྲོ་དགོས་ཀྱི་ཡོད། གྲང་ངར་ཆེ་བའི་དགུན་དུས་སུ་ལག་གཉིས་འཁྱགས་ནས་དམར་པོར་གྱུར་པ་ནི་སློབ་གྲྭར་བསྐྱོད་པའི་ཁོ་མོའི་ཐོག་མའི་དྲན་ཤེས་ཡིན་ཞིང་། “དགེ་རྒན་ཡག་པོ་དེ་དག་དང་མ་འཕྲད་ན། ངས་སྔ་ས་ནས་སློབ་གྲྭ་འགྲིམ་རྒྱུ་བློས་བཏང་ཡོད་ཀྱང་སྲིད”ཅེས་འདས་དོན་ལ་ཕྱིར་དྲན་བྱས་ཤིང་། བདེ་སྐྱིད་སྒྲོལ་དཀར་གྱི་སྐད་ཆ་ལས་དྲོ་སྐྱིད་ཀྱི་ཚོར་སྣང་ཞིག་མངོན། སློབ་ཆུང་འགྲིམ་དུས་སུ་འཛིན་བདག་དགེ་རྒན་བསམ་གྲུབ་ནི་ཁོ་མོའི་མི་ཚེར་འགྱུར་ལྡོག་གཏོང་མཁན་གྱི“འོད་ཟེར”ལྟ་བུ་ཞིག་ཡིན་ཏེ། སྐབས་དེ་དུས་ཁྱིམ་ཚང་གི་ཁུར་པོ་ལྕི་བའི་དབང་གིས་ཁོ་མོར་སློབ་མཚམས་བཞག་ནས་ཁྱིམ་དུ་ནང་ལས་བྱེད་རོགས་བྱེད་པའི་བསམ་བློ་འཁོར། དགེ་རྒན་བསམ་གྲུབ་ཀྱིས་དེ་དོན་ཤེས་རྗེས། ཉིན་ལྟར་ཁོ་མོར་སློབ་གྲྭ་ནས་ལོག་པའི་ལམ་དུ་འགྲོ་རོགས་བྱས་པ་མ་ཟད། ད་དུང་རྒྱུན་དུ་ཁོ་མོར་རང་ཉིད་ཀྱི་ཁ་ལག་སྤ་སེ་སྤྲད་དེ“སློབ་སྦྱོང་བྱས་ན་གཞི་ནས་རང་རི་ཁུལ་ནས་ཐོན་ཐུབ”ཅེས་བརྗོད། དྲོ་སྐྱིད་དང་བརྩེ་སེམས་ཟབ་མོ་འདིས་ཁོ་མོའི་སེམས་སུ“དགེ་རྒན་ཡག་པོ་ཞིག་བྱེད་པའི”ས་བོན་འདེབས་འགོ་ཚུགས་པ་མ་ཟད། ཁོ་མོས་འབྱུང་འགྱུར་བརྩེ་སེམས་འདི་ཕྲུ་གུ་དེ་བས་མང་པོར་བརྒྱུད་སྤྲོད་བྱེད་རྒྱུའི་སེམས་ཐག་བཅད།
2006ལོར་བོད་ལྗོངས་སློབ་ཆེན་དགེ་འོས་ཆེད་ལས་ཐོན་པའི་བདེ་སྐྱིད་སྒྲོལ་དཀར་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་སློབ་གསོའི་ཐོན་ཁུངས་དཀོན་ཤོས་ཀྱི་གཞི་རིམ་སྟེ་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་སྦྲ་ཆེན་ཤང་སློབ་ཆུང་དུ་བསྐྱོད་རྒྱུའི་གདམ་ག་བྱས། ས་ཆ་འདིར་ཆ་སྙོམས་ས་བབ་སྨི་4600ཟིན་ཞིང་། དགུན་དུས་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30ལ་སླེབས་པ་དང་། སློབ་ཁང་གི་སྒེའུ་ཁུང་ལ་རྟག་ཏུ་དར་ཁ་མཐུག་པོ་ཆགས་ཀྱི་ཡོད། འགྲིམ་འགྲུལ་སྟབས་བདེ་པོ་མེད་པས། རྫོང་གྲོང་དུ་སྔོ་ཚལ་ཉོ་བར་མོ་ཊ་བཏང་ནས་ཆུ་ཚོད་གཉིས་འགྲོ་དགོས་ཀྱི་ཡོད། སྐབས་དེ་དུས་སློབ་སྤྱི་ཚེ་དགའ་ཡིས་སྦྲ་ཆེན་ཤང་སློབ་ཆུང་དུ་དགེ་རྒན་བྱས་ནས་ལོ་30སོང་ཞིང་། ཁོང་གི་ཁྱིམ་ཚང་སློབ་གྲྭར་ཡོད་པས་ཉིན་ལྟར་སློབ་ཁང་དུ་སྔ་ཤོས་སླེབས་ནས་ཐབ་ལ་མེ་ཁ་གསོ་བ་དང་། ཉལ་ཁང་ལ་ལྟ་སྐོར་བྱས་རྗེས་གཞི་ནས་ཁྱིམ་དུ་ལོག་གི་ཡོད། རང་ཉིད་ཀྱིས་ཟ་མཁས་འཐུང་མཁས་བྱས་ནས་ཕྲུ་གུར་སློབ་ཡོན་སྔ་རྟིང་སྤྲོད་རོགས་བྱེད་ཀྱི་ཡོད། “སློབ་སྤྱི་ཚེ་དགའི་ལས་གནས་བརྟན་སྲུང་ལས་ངས་དགེ་རྒན་གྱི་ལས་འགན་དང་འགན་འཁྲི་འཁུར་སེམས་ཤེས་བྱུང”ཞེས་ས་མཐོའི་སློབ་གསོར་ལེགས་སྐྱེས་འབུལ་བའི་བདེ་སྐྱིད་སྒྲོལ་དཀར་གྱི་དད་སེམས་དེ་བས་བརྟན་དུ་ཕྱིན་ཡོད།
2018ལོར་བདེ་སྐྱིད་སྒྲོལ་དཀར་གྱིས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་སློབ་འབྲིང་གི་སློབ་སྤྱིའི་འགན་ཁུར་ཞིང་། རྒྱ་རིགས་དང་། བོད་རིགས། ལྷོ་པ་རིགས། མོན་པ་རིགས་སོགས་མི་རིགས་མང་པོའི་སློབ་མ་འདུས་པའི་སློབ་གྲྭར་ལས་ཀ་བྱེད་སྐབས་ཁོང་གིས“སློབ་གསོ་ཡག་པོ་གཉེར་བར། ཤེས་བྱ་སློབ་དགོས་པ་མ་ཟད། མི་གསར་དེ་བས་སྐྱོང་དགོས་པ”གསལ་པོ་རྟོགས་ཡོད། སློབ་སྤྱིའི་ལས་འགན་ཁུར་མ་ཐག་ཁོང་གིས་སྣེ་ཁྲིད་ནས་དོ་དམ་གསར་གཏོད་ལ་སྐུལ་འདེད་བཏང་སྟེ“ཏང་འཛུགས་སྐྱོང་ལ་བརྟེན་ནས་སྣེ་ཁྲིད་བྱེད་པ”དེ་སློབ་གྲྭ་འཕེལ་རྒྱས་གཏོང་བའི་ཚད་འཛིན་སར་བརྩིས་ཡོད། ཏང་ཡོན་དགེ་རྒན་གྱི་གདོང་ལེན་རུ་ཁག་བཙུགས་ནས“ཏང་ཡོན་གྱི་དཔེ་སྟོན་སློབ་ཚན”དང་“གཅིག་གཏད་གཅིག་གི་རོགས་སྐྱོར”གྱི་བྱེད་སྒོ་སྤེལ་ནས་ཏང་ཡོན་དགེ་རྒན་དག་སློབ་ཁྲིད་དང་ཀུན་སྤྱོད་སློབ་གསོའི་སྣེ་ཁྲིད་པར་གྱུར་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་རྒྱུན་དུ་སྤེལ་ནས་གཟའ་འཁོར་རེར“མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཚོགས་འདུ”ཐེངས་རེ་འཚོགས་ཏེ་སློབ་མ་སྒྲིག་འཛུགས་བྱས་ནས་མི་རིགས་ཀྱི་ལག་ཤེས་སྒྱུ་རྩལ་ཐོན་རྫས་བཟོ་བ་དང་མི་རིགས་མང་པོའི་སྐད་ཡིག་གི་ལེ་ཚན་སྒྲིག་འགོད་བྱས་ཏེ“མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བའི”འདུ་ཤེས་ཕྲུ་གུ་ཚོའི་སེམས་སུ་འཇགས་པར་བྱས་ཡོད།
ད་ཆ་ལོ་40ལྷག་ཙམ་ལ་སླེབས་པའི་ཁོང་གིས་སྔར་བཞིན་ཉིན་ལྟར་སློབ་གྲྭར་ཡོང་སྔ་ཤོས་དང་ལོག་ཕྱི་ཤོས་རྒྱུན་འཁྱོངས་བྱས་ཏེ། རྟག་ཏུ་གཞུང་ལས་ཁང་དུ་མཚན་གུང་བར་ལས་ཀ་བྱེད་ཀྱི་ཡོད། “ཕྲུ་གུ་ཚོར་དགོས་མཁོ་ཡོད་ཚེ། ངས་ཐོག་མཐའ་བར་གསུམ་དུ་དཔེ་ཁྲིད་བྱེད་རྒྱུ་ཡིན”ཞེས་བདེ་སྐྱིད་སྒྲོལ་དཀར་གྱིས་བརྗོད་པ་དང་། ཁོང་གི་ཕུགས་འདུན་ནི་སྟབས་བདེ་པོ་ཞིག་ཡིན་པ་སྟེ་ཕྲུ་གུ་ཚང་མར་སློབ་གསོ་ཡག་པོ་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་དེ་རེད།
འབྲེལ་ཡོད་གསར་འགྱུར།