རྒྱལ་ཡོངས་ཀྱི“དགེ་རྒན་ཡག་ཤོས”ཀུན་བཟང་ཆོས་སྒྲོན།
ས་མཐོའི་དམིགས་བསལ་ཕྲུ་གུ་ཚོའི་ཚེ་སྲོག་གི་བཀྲག་མདངས་འཚེར་བར་བྱེད།
ལྷོ་ཁ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭའི་ཞབས་བྲོ་ཁང་དུ། བོད་རིགས་དགེ་རྒན་ཞིག་གིས་ལག་པ་པང་གཅལ་ཐོག་ཤུགས་ཀྱིས་རྡེབ་བཞིན་ཡོད་པ་དང་། ཐོས་ཚོར་ཉམས་པའི་སློབ་མ་ཚོས་ཁོང་གི་མཐའ་ནས་སྐོར་ཏེ་རྐང་འོག་ནས་མཆེད་པའི་རྡོག་སྒྲའི་འགུལ་རྒྱུན་ལས་དབྱངས་འགྲོས་ཚོར་བར་བྱེད་ཀྱི་ཡོད། ཁོང་ནི་ཀུན་བཟང་ཆོས་སྒྲོན་རེད། ལོ་བཅོ་ལྔའི་རིང་ཉིན་གཅིག་ལྟར་ལས་གནས་བརྟན་སྲུང་བྱས་ཏེ་གངས་ལྗོངས་ས་མཐོའི་དམིགས་བསལ་ཕྲུ་གུ་ཚོར་ཚེ་སྲོག་གི་བཀྲག་་མདངས་འཚེར་བར་བྱས།
1982ལོར་སྐྱེས་པའི་ཀུན་བཟང་ཆོས་སྒྲོན་ད་ཆ་ལྷོ་ཁ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་སྡེ་ཚོགས་ལོ་ཆུང་བྱིས་པ་པུའི་ཧྲུའུ་ཅི་དང་སྒྱུ་རྩལ་ཚོགས་པའི་ཚོགས་གཙོའི་འགན་འཁུར་བཞིན་ཡོད། ལོ་21གོང་ཁོང་སློབ་གསོའི་ལས་གནས་སུ་ཞུགས་པ་དང་། ལོ་15ཡི་གོང་ཁོང་དང་དམིགས་བསལ་སློབ་གསོའི་དབར་གྱི་ལས་དབང་ཟབ་མོ་གཅིག་ཏུ་སྦྲེལ་བ་རེད། ཁོང་གིས“ཕྲུ་གུ་དེ་དག་དང་འབྲེལ་འདྲིས་ཐེངས་དང་པོ་བྱེད་སྐབས། ཁོང་ཚོས་སྐད་ཆ་ཤོད་མི་ཐུབ་ཀྱང་ཕྲུ་གུ་གཞན་དག་དང་འདྲ་བའི་རེ་བ་ཆེན་པོ་བྱེད་ས་ཤེས་བྱུང”ཞེས་བརྗོད།
སློབ་མ་ཚོས་རོལ་དབྱངས་ལ་ཚོར་ཐུབ་པ་བྱ་ཆེད། ཀུན་བཟང་ཆོས་སྒྲོན་གྱིས་ཐུན་མོང་མ་ཡིན་པའི་སློབ་ཁྲིད་བྱེད་ཐབས་ཤིག་གསར་གཏོད་བྱས་པ་སྟེ། ཁོང་གིས་སློབ་མ་ཚོའི་ལག་པ་སྒྲ་སྐྱེད་འཕྲུལ་ཆས་སྟེང་འཇོག་ཏུ་བཅུག་ནས་དབྱངས་འགྲོས་ཚོར་དུ་བཅུག་པ་དང་། སྒྲ་སྐྱེད་འཕྲུལ་ཆས་པང་གཅལ་སྟེང་བཞག་སྟེ་ཁོང་ཚོའི་རྐང་པར་བརྟེན་ནས་ལྡིར་སྒྲའི་འགུལ་རྒྱུན་ཚོར་དུ་བཅུག་པ། ལག་ཐོགས་ཁ་པར་གྱི་གློག་འོད་ཆེམ་ཆེམ་འཕྲོ་བ་དང་བསྟུན་ནས་དབྱངས་འགྲོས་མཚོན་པར་བྱས་ཏེ། ལག་པ་རྡེབ་པ་དང་སྐད་གསང་མཐོན་པོའི་སྐད་སྒྲ་ལས་བྱིས་པར་དབྱངས་འགྲོས་ཚོར་དུ་འཇུག་གི་ཡོད།
“སྟངས་སྟབས་ཚང་མ་རྨང་གཞིའི་ཚན་པར་དབྱེ་ནས་དཔེ་སྟོན་དང་ཡོ་བསྲང་ཐེངས་མང་བྱེད་ཀྱི་ཡོད”ཅེས་ཀུན་བཟང་ཆོས་སྒྲོན་གྱིས་གསར་འགོད་པར་བརྗོད། ཁོང་གིས་ཞབས་བྲོ་སྟབས་བདེ་ཞིག་ཀྱང་དལ་པོར་འཁྲབ་སྟེ་ཕྲུ་གུ་ཚོར་ལད་མོའི་ཁྲོད་ཞབས་བྲོའི་སྤྲོ་སྣང་འཕེལ་དུ་འཇུག་གི་ཡོད།
དབང་སྐྱོན་ཚབས་ཆེན་ཡིན་པའི་ཕྲུ་གུ་ཁ་ཤས་སློབ་གྲྭར་ཡོང་ཐབས་བྲལ་བས། ཀུན་བཟང་ཆོས་སྒྲོན་གྱིས་རང་འགུལ་ངང་ཁོང་ཚོའི་ཁྱིམ་དུ་སློབ་ཁྲིད་བྱེད་པར་འགྲོ་གི་ཡོད། ཁོང་ལ་རྒྱ་ཆེ་བའི་ཞབས་བྲོ་ཁང་མེད་ལ་ཆེད་ལས་ཀྱི་སྒྲིག་ཆས་དེ་བས་མེད་མོད། འོན་ཀྱང་ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་ཕྲུ་གུ་ཚོའི་ནུས་པ་དང་འཚམ་པའི་སློབ་ཁྲིད་ཀྱི་ནང་དོན་གྲ་སྒྲིག་ཞིབ་ཚགས་བྱེད་ཀྱི་ཡོད། “ཕྲུ་གུ་ཚང་མར་སློབ་གསོ་ཐོབ་དབང་ཡོད། དེ་ནི་ངའི་དད་སེམས་ཡིན”ཞེས་ཁོང་གིས་བརྗོད།
མི་ལ་བརྩོན་འགྲུས་ལྡན་གྱུར་ན་མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པ་ལྟར་དཀའ་སྤྱད་འབད་འཐབ་བྱས་མཐར་གྲུབ་འབྲས་བཟང་པོ་ཐོབ་ཅིང་། ཀུན་བཟང་ཆོས་སྒྲོན་གྱི་མཛུབ་ཁྲིད་འོག་སློབ་གྲྭའི་སྒྱུ་རྩལ་ཚོགས་པ་མེད་པ་ནས་ཡོད་པའི་བར་དང་གང་ཡང་མི་ཤེས་པ་ནས་རིམ་བཞིན་འཚར་ལོངས་བྱུང་བའི་བར། མཐར་རྒྱལ་ཡོངས་རང་བཞིན་གྱི་ཞབས་བྲོའི་འགྲན་བསྡུར་ནང་ཞུགས་ནས་བྱ་དགའ་ཐོབ་པ་རེད།
སྒྱུ་རྩལ་ཚོགས་པའི་འགྲན་བསྡུར་སྐབས་སུ་ཀུན་བཟང་ཆོས་སྒྲོན་གྱིས་ཉིན་ལྟར་ཆུ་ཚོད་10ལྷག་ཙམ་སྦྱོང་བརྡར་བྱེད་པ་དང་སྟངས་སྟབས་རེ་རེ་བཞིན་ཡང་སྐོར་བསྐྱར་སྐོར་ཐེངས་བཅུ་ཙམ་སྦྱོང་གི་ཡོད། མཐར་སྒྱུ་རྩལ་ཚོགས་པས་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་འཁྲབ་སྟོན་དང་མི་སེམས་འགུལ་བའི་སྐྱེ་སྟོབས་ལ་བརྟེན་ནས་2024ལོའི་ལྗོངས་ཡོངས་ཀྱི་སྐབས་དང་པོའི་དབང་པོ་སྐྱོན་ཅན་རིག་རྩལ་མཉམ་འཁྲབ་ཀྱི་ཟློས་གར་རིགས་ཀྱི་བྱ་དགའ་རིམ་པ་དང་པོ་བླངས་པ་རེད།
སྐབས་རེ་རེའི་སློབ་མ་སློབ་གྲྭ་ཐོན་ཉེའི་སྐབས་ཀུན་བཟང་ཆོས་སྒྲོན་གྱིས་ཕྲུ་གུ་ཚོའི“སློབ་གསོའི་དུས་ཀྱི་འཆར་འགོད་པ”དང“སློབ་འཕར་གྱི་ལམ་སྟོན་པའི”འགན་འཁུར་གྱི་ཡོད། ཁོང་གིས་རྒྱལ་ཡོངས་ས་གནས་ཁག་གི་མཐོ་སློབ་ཀྱི་དམིགས་བསལ་སློབ་གསོའི་སློབ་གླིང་དང་སྒྱུ་རྩལ་རིགས་ཀྱི་ཆེད་ལས་སློབ་བསྡུའི་སྲིད་ཇུས་འཚོལ་ཞིབ་དང་ཞིབ་འཇུག་བྱེད་པ་དང་། སྒྱུ་རྩལ་གྱི་གདིང་ཤུགས་ཆེ་བ་དང་སློབ་འཕར་གྱི་འདོད་མོས་ཡོད་པའི་རྣ་ཤེས་ཉམས་པའི་སློབ་མ་དམིགས་བསལ་སློབ་གསོའི་སྒྱུ་རྩལ་རིགས་ཀྱི་སློབ་བསྡུའི་རྒྱུགས་ལེན་ནང་ཞུགས་པར་འཁྲིད་ཀྱི་ཡོད་པ་རེད།
“རྒན་ཀུན་བཟང་ཆོས་སྒྲོན་ནི་ང་ཚོའི་ཨ་མ་ལྟ་བུ་ཡིན། ཁོང་མེད་ན་ང་ཚོར་གྲུབ་འབྲས་འདི་འདྲ་ཐོབ་མི་སྲིད”ཅེས་ཕྲུ་གུ་ཚོས་ལག་བརྡར་བརྟེན་ནས་གསར་འགོད་པར་བཤད།
2014ལོར་ཀུན་བཟང་ཆོས་སྒྲོན་གྱིས་བོད་ཀྱི“གངས་ལྷ་མེ་ཏོག”དབང་པོ་སྐྱོན་ཅན་སྒྱུ་རྩལ་ཚོགས་པ་ཐོག་མར་བཙུགས་ནས་ཕྲུ་གུ་ཚང་མར་མཚར་སྡུག་ལྡན་པའི་མདུན་ལམ་ཡོང་བའི་གོ་སྐབས་བསྐྲུན་ཡོད། 2017ལོར་ཁོང་གིས་མཛུབ་ཁྲིད་བྱས་པའི་ཞབས་བྲོར་སྐབས་དགུ་པའི་རྒྱལ་ཡོངས་དབང་པོ་སྐྱོན་ཅན་སྒྱུ་རྩལ་མཉམ་འཁྲབ་ཀྱི་ནུབ་རྒྱུད་ཁུལ་གྱི་བྱ་དགའ་ཨང་དང་པོ་དང་གཉིས་པ་སོ་སོར་ཐོབ་ཡོད། 2024ལོར་ལྗོངས་རྣམ་ཟློས་གར《བདེ་སྐྱིད་ལྡན་པའི་སློབ་གྲྭ》ལ་ལྗོངས་ཡོངས་ཀྱི་སྐབས་དང་པོའི་དབང་པོ་སྐྱོན་ཅན་གྱི་རིག་རྩལ་མཉམ་འཁྲབ་ཀྱི་བྱ་དགའ་ཨང་དང་པོ་ཐོབ་ཡོད། 2025ལོར་ཀུན་བཟང་ཆོས་སྒྲོན་ལ་རྒྱལ་ཡོངས་ཀྱི“དགེ་རྒན་ཡག་ཤོས”ཀྱི་མཚན་སྙན་ཐོབ་པ་རེད།
འབྲེལ་ཡོད་གསར་འགྱུར།