ང་རང་ཕྲུ་གུ་ཚོའི་མུན་སེལ་སྒྲོན་མེ་ཞིག་བྱེད་འདོད་འདུག
ནག་ཆུ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གི“དགེ་རྒན་པཱ་ལགས”ལིན་ཀྲི་ཀྲུང་གི་སྐོར་བཀོད་པ།
ནག་ཆུའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལྷག་ཟིན་པས་གྲང་ངར་ཆེ་ལ་གསོ་རླུང་དཀོན་ཞིང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་ཀོར་འོག་ལ་སླེབས་ཀྱི་ཡོད། གལ་སྲིད་བོད་ལྗོངས་ནི“འཛམ་གླིང་གི་ཡང་རྩེ”ཡིན་ཚེ། ནག་ཆུ་ནི“ཡང་རྩེའི་ཡང་རྩེ”ཡིན། “ཡང་རྩེའི་ཡང་རྩེ”འདིར་མིང་ལ་ལིན་ཀྲི་ཀྲུང་ཟེར་བའི་དགེ་རྒན་ཞིག་ཡོད། ཁོང་གིས་ཉམས་པ་མེད་པའི་སྒྲོན་མེ་ཞིག་དང་འདྲ་བར་གྲང་ངར་ཤིན་ཏུ་ཆེ་བའི་གནས་འདིར་ལོ་20ལྷག་ཙམ་ སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བར་བརྩོན།
1997ལོར་སློབ་ཆེན་ནས་ཐོན་པའི་ལིན་ཀྲི་ཀྲུང་གིས་གློག་བརྙན《ཁུང་ཧྥན་སེན》ལ་བལྟས་རྗེས“མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་སར་འགྲོ་བའི”ཡིད་ཆེས་བརྟན་དུ་ཕྱིན་ནས་བློ་བརྟན་འགྱུར་མེད་ངང་གངས་ལྗོངས་ས་མཐོར་བསྐྱོད་པ་རེད།
བོད་དུ་སླེབས་རྗེས་ལིན་ཀྲི་ཀྲུང་གིས་དང་ཐོག་ཆབ་མདོར་ལས་ཀ་བྱས་ཤིང་། ཆབ་མདོར་སླེབས་རྗེས་ཀྱི་ཉིན་གཉིས་པར་མགོ་ན་བ་དང་གཉིད་མི་ཁུག་པ་སོགས་ས་མཐོ་མ་འཕྲོད་པའི་ནད་རྟགས་མང་པོ་ཐོན། “དེ་དུས་ཉལ་ཁྲིའི་སྟེང་དུ་ཉལ་བསྡད་ཀྱང་། སྙིང་གཡུག་ཚད་ཤུགས་ཆེ་རུ་འགྲོ་གི་འདུག”ཅེས་ཕྱིར་དྲན་བྱས། མི་མང་པོ་ཞིག་གིས་ཕ་ཡུལ་ལ་ལོག་ཅེས་ཁ་ཏ་བྱས་ཀྱང་ལིན་ཀྲི་ཀྲུང་གིས་ཨུ་ཚུགས་བརྒྱབ་ནས་དེ་གར་བསྡད།
2003ལོར། ལིན་ཀྲི་ཀྲུང་གིས་མི་ཚང་མ་ཧ་ལས་དགོས་པའི་རེ་འདུན་ཞིག་ཞུས་པ་སྟེ། རང་འགུལ་ངང་ཆ་རྐྱེན་དེ་བས་ཞན་པའི་ནག་ཆུར་ལས་སྒྱུར་བྱས་པ་རེད། དེ་གར་ས་བབ་དེ་བས་མཐོ་བ་དང་། གསོ་རླུང་དེ་བས་དཀོན་པ། དགུན་ཁ་དེ་བས་རིང་བས། ནག་ཆུ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དུ་ཁོང་གིས་རྟག་ཏུ་གསོ་རླུང་རྔུབ་ཀྱིན་ལས་ཀ་བྱས།
དུས་ཡུན་རིང་པོར་དཀའ་ལས་ཁག་དྲགས་པས་ཁོང་གི་སྒལ་ཚིགས་ལ་ན་ཟུག་ལངས་ནས་མཚན་མོ་མང་པོ་གཉིད་ཁུག་ཐབས་བྲལ་ཞིང་འགྲོ་སྐྱོད་ཀྱང་བྱེད་དཀའ་བར་གྱུར། སྨན་པས་ངེས་པར་ཏུ་ངལ་གསོ་རྒྱག་དགོས་ཞེས་བཤད་པར་ཁོང་གིས་འཛུམ་དམུལ་དམུལ་ངང“ཕྲུ་གུ་ཚོར་སློབ་ཁྲིད་བྱེད་རྒྱུ་གལ་ཆེ”ཞེས་བཤད། ཁོང་གིས་དེ་ལྟར་སློབ་ཁྲིད་རྒྱུན་འཁྱོངས་བྱས་པ་དང་རང་ཉིད་ཀྱི་ན་ཚ་གུང་གསེང་རིང་ཕ་ཡུལ་དུ་ལོག་སྐབས་བཅོས་ཙམ་བྱས་པ་རེད།
ལིན་ཀྲི་ཀྲུང་གིས་སློབ་མ་ཚོར་ཤ་ཚ་དང་སྙིང་ཉེ་ཉེ་བྱེད་ཀྱི་ཡོད། ཁོང་གིས་གཟའ་མཇུག་ཏུ་རིན་མེད་ངང་སློབ་ཚན་གསབ་ཁྲིད་བྱེད་པ་མ་ཟད། ད་དུང་རང་ཉིད་ཀྱིས་འགྲོ་གྲོན་བཏང་ནས་ཡར་རྒྱས་བྱུང་བའི་སློབ་མར་བྱ་དགའ་སྤྲད་པས། སློབ་མ་ཚོའི“དགེ་རྒན་པཱ་ལགས”ལ་གྱུར། 2011ལོར་ཁོང་གིས་ལོ་རིམ་ཚོགས་ཆུང་གི་ཙུའུ་ཀྲང་བྱེད་རིང་སློབ་གྲྭ་དེའི་ལོ་བཅུའི་རིང་གི་མཐོ་རྒྱུགས་སྦྱངས་འབྲས་ཡག་ཤོས་བཏོད།
མི་རྣམས་ཧང་སངས་དགོས་པ་ཞིག་ནི། བྲེལ་འཚུབ་ཆེ་བའི་སློབ་ཁྲིད་ཀྱི་ཞོར་དུ། ཁོང་གིས་འབད་འབུངས་ལྷོད་མེད་བྱས་ཏེ་ཆེད་ཚན་སློབ་ཐོན་པ་ཞིག་ནས་རབ་འབྱམས་པ་ཞིག་ཏུ་གྱུར་པ་མ་ཟད། ད་དུང་རྒྱལ་ཁབ་ཀྱི་ཁྲིམས་འཛིན་ཡིག་རྒྱུགས་ཀྱང་འཕྲོད་པ་རེད། “ཤེས་རིག་གིས་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ། ངས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཕྲུ་གུ་ཚོར་སློབ་སྦྱོང་ག་དུས་བྱས་ཀྱང་འཕྱིས་མི་སྲིད་ཅེས་ཤོད་ཀྱི་ཡིན” “སློབ་གསོ་ནི་ཟོ་བའི་ནང་ཆུ་བྱུར་བུར་བླུགས་རྒྱུ་དེ་མ་ཡིན་པར། མེ་ཁ་གསོ་རྒྱུ་དེ་ཡིན”ཞེས་ཁོང་གིས་ཉིན་ཐོའི་ནང་བྲིས་ཡོད་པ་རེད།
སློབ་ཆེན་སློབ་མ་3000ལྷག་ཙམ་དང་རྐང་འཛིན་དགེ་རྒན་300ལྷག་ཙམ་ཟིན་པའི་གྲངས་ཀ་འདི་དག་གི་རྒྱབ་ཏུ་ཁོང་གི་ལོ་28ཀྱི་ལང་ཚོ་དང་བརྟན་སྲུང་ཡོད་པ་རེད། ཡིན་ན་ཡང་ཁོང་གིས“ཕྲུ་གུ་ཚོ་སྦྲ་གུར་ནས་སློབ་ཆེན་དུ་བསྐྱོད་པ་དང་། རྫི་བོ་ནས་སྨན་པ་དང་དགེ་རྒན་སོགས་ལ་གྱུར་པ་མཐོང་སྐབས། དཀའ་ལས་ཇི་ཙམ་རྒྱག་དགོས་བྱུང་ཡང་འགྱོད་པ་ཅི་ཡང་མི་འདུག”ཅེས་བཤད།
ཁོང་གིས“ང་རང་ཕྲུ་གུ་ཚོའི་མུན་སེལ་སྒྲོན་མེ་ཞིག་བྱེད་འདོད་འདུག སློབ་གསོ་ནི་དྲོ་སྐྱིད་ལྡན་པའི་བརྟན་སྲུང་ཞིག་ཡིན་ལ། ང་རང་དཔེ་ཁྲིད་མི་སྐྱོང་གི་ལས་ལ་ཞུགས་ཙམ་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།