བུ་གསོའི་ཁ་གསབ་དངོས་སུ་རེ་ཞུ་བྱེད་ཆོག་པ།
གསར་འགོད་པར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཚེས་8ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཚེས་8ཉིན་ནས་བཟུང་བུ་གསོའི་ཁ་གསབ་དངོས་སུ་རེ་ཞུ་བྱེད་ཆོག་ཅིང་། དངུལ་སྤྲོད་འབོ་དང་། སྐད་འཕྲིན། དེ་བཞིན་ཞིང་ཆེན་ཁག་གི་སྲིད་དོན་ཞབས་ཞུའི་ལས་སྟེགས་བཅས་དྲ་ཐོག་ནས་རེ་ཞུ་བྱེད་ཆོག་ལ། ཕྲུ་གུའི་ཐེམ་ཐོ་ཡོད་སའི་ཤང་དང་གྲོང་རྡལ་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ནས་རེ་ཞུ་བྱེད་ཀྱང་ཆོག
བུ་གསོའི་ཁ་གསབ་ནི་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་ཁྱབ་ཁོངས་ཆེ་བ་དང་། ཀུན་ཕན་རྣམ་པ། ཐད་ཀའི་རང་བཞིན་བཅས་ཀྱི་སྒོ་ནས་མང་ཚོགས་ལ་སྤྲད་པའི་དམངས་འཚོ་འགན་སྲུང་གི་དངུལ་སྨར་ཁ་གསབ་སྤྲོད་ཐེངས་དང་པོ་རེད་ལ། དམངས་ཕན་དམངས་བདེའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། ཟླ་བ་7པར་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བཀྲམ་པའི《བུ་གསོའི་ཁ་གསབ་ཀྱི་ལམ་ལུགས་ལག་བསྟར་ཇུས་གཞི》གཞིར་བཟུང་། བུ་གསོའི་ཁ་གསབ་ལམ་ལུགས་དེ་2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པ་དང་། ཁ་གསབ་སྤྲོད་ཡུལ་ནི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་པའི་ལོ་3ནས་ལོ་3མན་གྱི་ཕྲུ་གུ་རེད། བུ་གསོའི་ཁ་གསབ་དེ་ལོ་རེར་ཐེངས་རེ་སྤྲོད་རྒྱུ་ཡིན་ཞིང་། ད་ལྟའི་དུས་མཚམས་ཀྱི་རྒྱལ་ཁབ་ཀྱི་རྨང་གཞིའི་ཚད་གཞི་ནི་ཕྲུ་གུ་རེར་ལོ་རེར་ཁ་གསབ་སྒོར་3600སྤྲོད་རྒྱུ་རེད། བུ་གསོའི་ཁ་གསབ་རེ་ཞུ་བྱེད་སྐབས། ཕྲུ་གུའི་ཕ་མའམ་ཡང་ན་དེ་མིན་གྱི་ལྟ་སྐྱོང་མཁན་གྱིས་བུ་གསོའི་ཁ་གསབ་ཆ་འཕྲིན་དོ་དམ་མ་ལག་བརྒྱུད་དྲ་ཐོག་ནས་རེ་ཞུ་བྱེད་ཆོག་ལ། དྲ་ཕྱི་ནས་རེ་ཞུ་བྱེད་ཀྱང་ཆོག ཁ་གསབ་དངུལ་དེ་རེ་ཞུ་བྱེད་མཁན་ནམ་ཡང་ན་ཕྲུ་གུའི་དངུལ་ཁང་གཱའམ་དངུལ་རྩའི་རྩིས་ཐོ་གཞན་དག་ནང་བླུག་ཆོག་གི་ཡོད། བུ་གསོའི་ཁ་གསབ་ལམ་ལུགས་ཀྱི་གཏན་འབེབས་ལྟར་སྤྲད་པའི་བུ་གསོའི་ཁ་གསབ་ལ་མི་སྒེར་གྱི་ཐོབ་ཁྲལ་བསྡུ་ཡི་མེད་པ་དང་། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་མཁན་སོགས་རོགས་སྐྱོབ་བྱ་ཡུལ་གཏན་འཁེལ་བྱེད་སྐབས། བུ་གསོའི་ཁ་གསབ་དེ་ཁྱིམ་ཚང་ངམ་མི་སྒེར་གྱི་ཡོང་འབབ་ཏུ་བརྩི་ཡི་མེད།
བུ་གསོའི་ཁ་གསབ་དེ་2025ལོའི་ཟླ་1ཚེས་1ཉིན་གྱི་གོང་ལ་སྐྱེས་པ་གང་ཞིག་ལོ་3ལ་སླེབས་མེད་པའི་ཕྲུ་གུར་སྤྲོད་ཀྱི་ཡོད་ཅིང་། ཕྲུ་གུ་དེ་རིགས་ལ་ཁ་གསབ་ཀྱི་ཟླ་གྲངས་ལྟར་ཕབ་རྩིས་བརྒྱབ་ནས་ཁ་གསབ་སྤྲོད་རྒྱུ་དང་། ལོ་3མ་སླེབས་བར་དུ་སྤྲོད་རྒྱུ་ཡིན་པ་སྟེ། དེའང་2022ལོའི་ཟླ་1ཚེས་1ཉིན་རྗེས་སུ་སྐྱེས་པའི་ཆ་རྐྱེན་དང་མཐུན་པའི་ཕྲུ་གུ་ཚང་མར་བུ་གསོའི་དངུལ་ལེན་ཆོག་གི་ཡོད། མང་ཚོགས་ལ་རེ་ཞུའི་སྟབས་བདེ་སྐྲུན་ཆེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་2022ལོ་ནས་2024ལོ་ནང་གི་ཟླ་བ་མི་འདྲ་བར་སྐྱེས་པའི་ཕྲུ་གུའི་བུ་གསོའི་ཁ་གསབ་དངུལ་གྲངས་རེའུ་མིག་ཆེད་མངགས་བཟོས་ཡོད།
འབྲེལ་ཡོད་གསར་འགྱུར།