དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཆུང་སློབ་མས་གྲགས་རྩོམ་ལྟ་ཀློག་བྱེད་པའི་གལ་ཆེའི་རང་བཞིན་སྐོར་ཅུང་ཟད་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-07

    སློབ་ཆུང་སློབ་མ་ཞིག་ཡིན་ཕྱིན། ཆུང་དུས་ནས་ཁོང་ཚོའི་རྒྱུད་ལ་སློབ་སྦྱོང་དང་འཚོ་བའི་གོམས་གཤིས་བཟང་པོ་ཞིག་འཇགས་པར་རོགས་རམ་བྱེད་རྒྱུ་ནི་མ་འོངས་པའི་འཚར་ལོངས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་ལྕང་གསར་གཞོན་དུས་འདྲོངས་ན་འདྲོངས་པ་ཡིན། ལྕང་རྒན་སྲོང་སྲོང་མང་ན་ཆག་པའི་ཉེན་ཞེས་པའི་དཔེ་ལྟར་རེད། སློབ་ཆུང་སློབ་མས་ཆུང་དུས་ནས་གྲགས་ཅན་གྱི་སྒྱུ་རྩལ་བརྩམས་ཆོས་ལྟ་ཀློག་མང་ཙམ་བྱས་ན། རང་གི་རྩོམ་ཡིག་འབྲི་བར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། འོ་ན། ཡང་དག་པ་དང་ཐབས་ལ་མཁས་པའི་སྒོ་ནས་གྲགས་རྩོམ་ལྟ་ཀློག་ཇི་ལྟར་བྱེད་དགོས་ཞེ་ན། དེའི་སྐོར་ལ་རང་གི་མྱོང་བ་དང་བསམ་འཆར་མདོར་ཙམ་གླེང་བར་བྱའོ།

    དང་ཐོག་མར་ཁོང་ཚོའི་ལོ་ཚོད་ཀྱི་ཁྱད་ཆོས་དང་འཚམ་པ་དང་། རིག་གནས་ཀྱི་ཆུ་ཚད་དང་མཐུན་པ། དགའ་ཁ་འཁྱེར་ཕྱོགས་དང་བསམ་པའི་འཁྱེར་སོ་དང་དོ་ཐུག་པའི་བྱིས་པའི་གྲགས་རྩོམ་ཆེད་དེབ་འདེམ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། སློབ་མའི་དད་མོས་དང་འཚམ་པའི་གྲགས་རྩོམ་གྱི་པར་གཞི་འདེམ་རྒྱུ་ཡང་གལ་འགངས་ཤིན་ཏུ་ཆེ། ལོ་ན་ཆེ་ཆུང་མི་འདྲ་བའི་སློབ་མའི་ཤེས་བྱ་བསྡུ་ལེན་གྱི་ནུས་པར་ཁྱད་པར་ཧ་ཅང་ཆེ་སྟེ། ལོ་རིམ་དང་པོ་ནས་གསུམ་པ་བར་གྱི་ལོ་རིམ་དམའ་བའི་སློབ་མར་ནང་དོན་ཁ་གསལ་ཞིང་སྟབས་བདེ་བ་དང་། བྱུང་རིམ་ལ་རྙོག་འཛིང་མེད་པ། བར་འཇུག་རི་མོ་མང་བའི་གྲགས་ཅན་གྱི་བྱིས་སྒྲུང་གཙོས་པའི་རྩོམ་དེབ་འདེམས་དགོས། ལོ་རིམ་བཞི་པ་ནས་དྲུག་པ་བར་གྱི་ལོ་རིམ་མཐོ་བའི་སློབ་མར་དེ་ལས་ཅུང་ཟད་བྱུང་རིམ་རྙོག་འཛིང་ཆེ་བ་དང་། ནང་དོན་སྣ་མང་། སྒྲིག་གཞི་སྟབས་བདེ་ཙམ་གྱི་རྩོམ་དེབ་འདེམས་དགོས།

    གྲགས་རྩོམ་མང་ཆེ་བར་སྒྲ་དང་བརྙན་གྱི་པར་གཞི་ཡོད་པས་མ་ཚད། ལོ་ཆུང་བྱིས་པས་ལྟ་འདོད་ལ་ཉན་སྤྲོ་བའི་འགུལ་རིས་པར་གཞི་ཡང་ཡོད་པས། གྲགས་རྩོམ་གྱི་དཔེ་དེབ་མ་བཀླགས་གོང་། འགུལ་རིས་ཅན་གྱི་ལྟད་མོའི་ལམ་ནས་ཁོང་ཚོའི་ལྟ་ཀློག་གི་མོས་པ་སྐྱེད་སྲིང་ཐུབ་རྗེས་ཁོང་ཚོར་ལྟ་ཀློག་གི་ཁྲིད་སྟོན་བྱེད་དགོས། དཔེར་ན། འགུལ་རིས་གློག་བརྙན《ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར》ལྟ་བུ་ནི་དཔེ་མཚོན་ལེགས་པོ་ཞིག་ཏུ་མཐོང་།

    དེ་ཡང་། སློབ་ཆུང་སློབ་མས་གྲགས་རྩོམ་ལྟ་ཀློག་གི་བརྒྱུད་རིམ་ནང་བརྗོད་པ་བདེ་ལ། ཚིག་ཚོགས་ཤིང་། སྙན་ཆ་དོད་པའི་ཐ་སྙད་མང་པོ་ཤེས་རྟོགས་ཡོང་ངེས། ཐ་སྙད་དེ་དག་ནི་ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་སྐད་ཆ་དང་བསླབ་གཞིའི་ནང་གི་ཐ་སྙད་དེ་དག་དང་མི་འདྲ་བར། རྩོམ་པ་པོས་འཚོ་བའི་མཐོང་ཐོས་མྱོང་གསུམ་སྒྱུ་རྩལ་གྱི་སྲེག་བཅད་བརྡར་གསུམ་ཡང་ཡང་བྱས་རྗེས་ཐོན་པ་ཤ་སྟག་ཡིན་གཤིས། ཐ་སྙད་དེ་དག་ལ་ཡིད་དབང་འཕྲོག་ཤུགས་ངེས་ཅན་ལྡན་པས། ཡིད་ལ་ངེས་པ་དང་ཟིན་ཐོར་འགོད་པ་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད། རང་གི་དྲན་ཤེས་ཀྱི་མཛོད་དུ་འཇུག་ཐུབ་ན། རྗེས་མ་རྩོམ་ཡིག་འབྲི་སྐབས་མེད་དུ་མི་རུང་བའི་རྩ་ཆེའི་རྒྱུ་ཆར་གྱུར་ངེས།

    གྲགས་རྩོམ་ཁྲོད་ཀྱི་ཚིག་དུམ་དང་བརྗོད་པ་དག་ལ་སྔ་ཕྱིའི་གཏན་ཚིགས་ཀྱི་རང་བཞིན་དང་རྒྱུ་འབྲས་ཀྱི་འབྲེལ་བ་དམ་ཟབ་ལྡན་པས། ཕྲུ་གུ་ཚོས་སེམས་རྣལ་དུ་ཕབ་སྟེ། ཚིག་དུམ་དང་བརྗོད་པ་དེ་དག་ཡང་ནས་བསྐྱར་དུ་བཀླགས་ཤིང་བྱང་བར་བྱས་ན། དེའི་མཛེས་པས་རང་བཞིན་དུ་ལད་ཟློས་དང་སློབ་སྦྱོང་གི་དང་བ་འདྲེན་པར་བྱེད་ལ། རྩོམ་ཡིག་འབྲི་སྐབས་འཚོ་བའི་ནང་གི་གྲོང་ཚིག་ཕལ་པ་ཐད་ཀར་ཡི་གེར་ཕབ་པའི་བཀག་རྒྱ་ལས་གྲོལ་ཏེ། དཔེ་ཆ་བྱེ་བ་འབུམ་ལ་བལྟས་གྱུར་ན། སྨྱུག་རྩེ་བསྐྱོད་པར་ལྷ་ཡིས་ཁ་ལོ་བསྒྱུར་ཞེས་གསུངས་པ་ནི་ཁུངས་མེད་ཀྱི་འུད་ཤོབ་ཅིག་མིན་པའི་ངེས་ཤེས་སྐྱེ་ངེས།

    གྲགས་རྩོམ་ལྟ་ཀློག་བྱེད་པར་ལོ་ན་དང་སློབ་རྒྱུས་ཀྱི་མཐོ་དམའ་མི་འདྲ་བར་གཞིགས་ནས། རེ་བ་དང་ཐབས་ཤེས་མི་འདྲ་བ་ཡོད་པ་སྨོས་མ་དགོས་མོད། བསྡུས་ཀློག་དང་། རགས་ཀློག ཞིབ་ཀློག་གི་བརྒྱུད་རིམ་ངེས་པར་དུ་བརྒྱུད་དགོས་ཏེ། ཐོག་མར་སྒྲུང་གཏམ་ཀློག་པ་ལྟར་བཀླག་བྱའི་རྩོམ་ཡིག་ལས་བསྟན་པའི་ནང་དོན་ལ་རྒྱུས་མངའ་རོབ་ཙམ་ལོན་པ་བྱ་རྒྱུ་དང་། བར་དུ་བཀླག་བྱའི་རྩོམ་ཡིག་གང་དེའི་དམིགས་བསལ་གྱི་ཁྱད་ཆོས་དང་ཐུན་མིན་གྱི་ཆ་གང་ཞིག་ཡོད་པར་བསམ་གཞིག་བྱ་རྒྱུ། མཐའ་མར་བཀླག་བྱའི་རྩོམ་ཡིག་གང་དེ་འགོ་ཇི་ལྟར་བཙུགས་ཡོད་པ་དང་། བྱུང་རིམ་བཀོད་སྒྲིག་ཇི་ལྟར་བྱས་ཡོད་པ། ཡུལ་ལྗོངས་དང་མི་སྣ་བཀོད་སྒྲིག་ཇི་ལྟར་བྱས་ཡོད་པ། རྩོམ་ཡིག་གི་མཇུག་ཇི་ལྟར་བསྡུས་ཡོད་པར་རང་བློས་གང་དཔོག་གིས་དབྱེ་ཞིབ་བྱེད་དགོས།

    ང་ཚོའི་མཐོང་ཆོས་ཀྱི་ཡུལ་དུ་གྱུར་པའི་ཕུལ་དུ་བྱུང་བའི་སྒྱུ་རྩལ་བརྩམས་ཆོས་ཡོད་དོ་ཅོག་ནི། རྩོམ་པ་པོས་འཚོ་བར་ཡུན་རིང་ཟབ་འཇུག་བྱས་རྗེས། རྩོམ་གྱི་རྒྱུ་ཆ་གྲངས་མེད་གསོག་འཇོག་དང་། ལོ་ནས་ལོ་བརྩེགས་པའི་ལྟ་ཀློག་དབྱེ་ཞིབ། རྩོམ་འབྲིའི་ལག་ལེན་དངོས་ལ་སྦྱོང་བརྡར་ཐེངས་མང་བྱས་པ་ལས་བྱུང་བ་ཞིག་རེད། ང་ཚོས་བློ་ལ་གསལ་པོར་ངེས་དགོས་པར། གྲགས་རྩོམ་རྩོམ་པ་པོའི་རྩོམ་རྩལ་ཁྱད་ཆོས་གཟེངས་སུ་ཐོན་པ་དེ་དག་ང་ཚོས་མིག་བཙུམས་ནས་བློ་ལ་ཟིན་པས་ཆོག་པ་ཞིག་མིན་པར། དུས་ཡུན་རིང་པོའི་ལྟ་ཀློག་གི་རྨང་གཞིའི་འོག རང་གི་རྒྱུད་ལ་འཇགས་པར་བྱེད་དགོས་པ་ཞིག་ཡིན་པས། ལད་ཟློས་ཙམ་དང་བག་ཆགས་ཙམ་གྱིས་གྲུབ་པ་ཞིག་མིན་པ་ཤེས་དགོས།

    སྒྱུ་རྩལ་བརྩམས་ཆོས་མང་པོར་བློ་ཞིབ་མོས་ལྟ་ཀློག་བྱེད་པའི་གོམས་གཤིས་འཇགས་ན། རང་གི་ལྟ་ཞིབ་ཀྱི་ནུས་པ་དང་བསམ་གཞིག་གི་ནུས་པའི་ཁོ་ལག་ཡོངས་སུ་རྒྱས་པར་ནུས་ལ། རང་གི་འཆར་སྒོ་དང་རྟོག་པའི་སྒོ་འཕར་ཡང་ཡངས་པོར་ཕྱེ་ནུས། གྲགས་རྩོམ་ག་གེ་མོ་ཞིག་ཏུ་དགོང་དྲོའི་མཚམས་སྤྲིན་གྱི་མཛེས་པ་ཞིབ་འབྲི་བྱས་ཡོད་ན། ཉིན་ཞིག་ཁྱེད་ཀྱིས་དགོང་དྲོའི་མཚམས་སྤྲིན་མཐོང་མ་ཐག་རྩོམ་པ་པོ་གང་དེས་ཞིབ་འབྲི་ཇི་ལྟར་བྱས་མིན་དྲན་ངེས་ལ། རང་བཞིན་དུ་ལད་ཟློས་ཀྱི་བློ་ཞིག་དང་བསྡུར་བའི་བློ་ཞིག་འཆར་ངེས་ཤིང་། བསམ་གཞིག་གི་ཀློང་དུ་ཚུད་དེ་རང་ཉིད་ལ་དབང་བའི་ཞིབ་འབྲི་ཞིག་ལ་མི་རེ་བ་ག་ལ་སྲིད། དེ་ནི་དེའི་སྐོར་ལྟ་ཀློག་གཅིག་ཀྱང་བྱེད་མ་མྱོང་བའི་སློབ་མ་ཞིག་དང་བསྡུར་ན། ཁོ་གཉིས་ཀྱི་ལྟ་ཞིབ་ཀྱི་ནུས་པ་དང་བསམ་གཞིག་གི་ནུས་པར་ཁྱད་པར་ངེས་ཅན་ཤོར་ངེས་པ་ཤོད་མི་དགོས།

    སློབ་ཆུང་སློབ་མའི་གྲགས་རྩོམ་ལྟ་ཀློག་གི་བརྒྱུད་རིམ་ནི་མདོར་བསྡུས་ན། རྩོམ་གྱི་རྒྱུ་ཆ་འཚོལ་བའི་བརྒྱུད་རིམ་དང་། ཐ་སྙད་གསོག་འཇོག་གི་བརྒྱུད་རིམ། ཐོས་པ་རྒྱ་ཆེར་སྐྱེད་པའི་བརྒྱུད་རིམ་ཞིག་ཡིན་པ་དང་། བརྒྱུད་རིམ་དེའི་ནང་དུ་སློབ་མའི་ལྟ་ཀློག་གི་སྤྲོ་སྣང་མ་ཉམས་པ་བྱེད་རྒྱུ་གལ་འགངས་ཤིན་ཏུ་ཆེ། དེས་ན། དགེ་རྒན་དང་ཁྱིམ་བདག་གིས་སློབ་མའི་གྲགས་རྩོམ་ལྟ་ཀློག་དེ་ནམ་རྒྱུན་གྱི་སློབ་ཕྱིའི་སྦྱོང་ཚན་ལྟར་ལྟ་ཀློག་གི་ལས་འགན་ཞིག་ལ་བརྩིས་ན། ན་ཆུང་སློབ་མའི་སེམས་ཀྱི་རྡོག་ཁྲེས་སུ་མི་གྱུར་པའི་ངེས་པ་མེད། དཔེ་དེབ་ལྟ་ཀློག་གི་ཁྲིད་སྟོན་ཡག་ཤོས་ནི་སྤྲོ་སྣང་དང་། དཔེ་དེབ་ལྟ་ཀློག་གི་ལེགས་གྲུབ་ཆེ་ཤོས་ནི་རྒྱུན་མཐུད་ཡིན་ཞེས་གསུངས་པས། སློབ་མ་རྣམས་དགའ་ཞིང་སྤྲོ་བའི་ངང་དཔེ་ཀློག་གི་ལམ་དུ་ཁྲིད་ཐུབ་པ་དང་། སློབ་མའི་སྣང་ངོར་དཔེ་ཀློག་ནི་སྤྲོ་སྣང་ཡིན་པའི་འདུ་ཤེས་སྐྱེད་སྲིང་ཐུབ་ན་རབ་ཡིན་ནོ།

    སྤྱིར་ན། གྲགས་རྩོམ་ཞིག་གྲགས་རྩོམ་དུ་མིང་ཐོགས་དོན་ནི། སྐྱེ་བོ་འགའ་རེས་ངོ་དགའ་སྤྲེལ་ལད་དང་ཁ་མཁས་ཚིག་སྙན་གྱིས་བསྟོད་པ་ཕུལ་བའམ། དེ་ལ་གྲགས་རྩོམ་ཞེས་རང་དགར་ཆོ་ལོ་བསྩལ་བ་ཞིག་གཏན་ནས་མིན་པར། བརྩམས་ཆོས་གང་དེའི་གསར་རྩོམ་རྒྱབ་ལྗོངས་དང་། རྩོམ་པ་པོའི་གསར་རྩོམ་ཆུ་ཚད། རྩོམ་ཧྲིལ་པོའི་བརྗོད་བྱའི་ནང་དོན་དང་། སྒྱུ་རྩལ་མཚོན་ཐབས། སྤྱི་ཚོགས་ཀྱི་ཤུགས་རྐྱེན། དེའི་ནང་འདུས་པའི་བསམ་བློ་དང་། ལོ་རྒྱུས། དམངས་སྲོལ། མི་སྣའི་སྣང་བརྙན་ཞིབ་འབྲི་སོགས་གང་ཐད་ནས་གླེང་ཡང་སྤྱིར་བཏང་གི་བརྩམས་ཆོས་ལས་འབུར་དུ་ཐོན་པ་གང་ཞིག ཀུན་གྱིས་ཁས་ལེན་དང་གདེང་འཇོག་བཟང་པོ་ཐོབ་པ་ཤ་སྟག་ཡིན་པས། གལ་ཏེ་སློབ་ཆུང་སློབ་མས་རང་རང་གི་རིག་གནས་ཆུ་ཚད་དང་དགའ་ཁ་འཁྱེར་ཕྱོགས་དང་འཚམ་པའི་གྲགས་རྩོམ་མང་པོར་མྱོང་རོལ་བྱེད་སྐལ་བྱུང་ཚེ། དེ་ལས་ཐོབ་པ་ནི་ཐ་སྙད་གསར་པ་དང་། སྐད་ཆ་སྙན་པོ་འབའ་ཞིག་མ་ཡིན་པར། ད་དུང་དེའི་རྒྱབ་ཏུ་བསྐུངས་པའི་བསམ་བློའི་ནང་དོན་དང་སྐད་ཆའི་སྒྱུ་རྩལ་གྱིས་སློབ་མའི་བསམ་གཞིག་གི་ནུས་པ་ཆེ་རུ་འགྲོ་བར་སྨན་པ་མ་ཟད། ཁོང་ཚོའི་ཐོས་པའི་སྒོ་མོ་རིམ་གྱིས་ཕྱེ་སྟེ་ལྟ་རྒྱ་མཐོང་རྒྱ་བསྐྱེད་པ་དང་། ཡང་དག་པའི་འཇིག་རྟེན་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ་ཆགས་པར་ཡང་ཕན་པ་ངེས་ཅན་ཡོད་ལ། ཁོང་ཚོས་གྲགས་རྩོམ་བརྒྱུད་མི་རིགས་ཁག་གི་མི་རྣམས་ཀྱི་འཚོ་བའི་གོམས་གཤིས་དང་། དམངས་སྲོལ། འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་སོགས་ལ་རྒྱུས་མངའ་ལོན་པར་ཡང་ཕན་པ་ཆེན་པོ་ཐོགས་ངེས།

    དེས་ན། ང་ཚོས་ནམ་རྒྱུན་དུ་སློབ་མར་དཔེ་ཀློག་གི་གོམས་གཤིས་བཟང་པོ་ཞིག་འཇགས་ཐུབ་པར་གཞོགས་འདེགས་ཧུར་ཐག་བྱས་ཏེ། དཔེ་ཀློག་གི་ཁྲོད་ནས་ཁོང་ཚོར་འཇིག་རྟེན་གསར་པ་ཞིག་དང་། འཚོ་བ་གསར་པ་ཞིག དགའ་ཕྱོགས་གསར་པ་ཞིག་རྙེད་ཐུབ་པ་དང་། གྲགས་རྩོམ་ལ་ལྟ་ཀློག་བྱེད་པའི་བརྒྱུད་རིམ་ཁྲོད། ཁོང་ཚོར་ཤེས་བྱ་གསར་པ་དང་སྤྲོ་སྣང་གསར་པ་རེ་རྙེད་ཐུབ་རྒྱུར་འབད་དགོས་སོ།

    (དོག་སྡེ་སློབ་ཆུང་གི་སྐལ་བཟང་སྒྲོལ་མས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།