དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • རབ་བྱུང་གཅིག་རིང་འཕོ་འགྱུར་རྨད་དུ་བྱུང་། སྐལ་བཟང་མེ་ཏོག་ས་མཐོ་ཡོངས་ལ་བཞད།

    བོད་ཀྱི་སློབ་གསོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-07

    འདས་སོང་ལ་ཕྱིར་ལྟ་བྱས་ན། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཡིག་རྨོངས་ཡིན་ཚད་95%ཡན་ཟིན་ཡོད། ལོ་15ཡི་གཞུང་གྲོན་སློབ་གསོ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་བརྒྱུད། ད་ཆ་ཤེས་བྱ་ཡོན་ཏན་གྱི་མེ་སོན་གངས་ལྗོངས་ས་མཐོའི་ཡུལ་གྲུ་ཀུན་ཏུ་ཁྱབ་ཡོད།

    བོད་ཀྱི་སློབ་གསོའི་བྱ་གཞག་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་པ་ལས་སློབ་གསོ་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་མཐར་ཕྱིན་པ་བྱུང་བ་མ་ཟད། ད་དུང་ཡུན་རིང་བདེ་འཁོད་ཀྱི་བསམ་བློའི་རྨང་གཞི་ཡང་དེ་བས་བརྟན་དུ་ཕྱིན་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤེས་ལྡན་པའི་འདེགས་སྐྱོར་བརྟན་པོ་དང་ཡུན་རིང་གི་ནང་སྐྱེས་སྒུལ་ཤུགས་མཁོ་འདོན་ཐུབ་ཡོད།

    ཀུན་ཕན་ཉི་འོད་གངས་ལྗོངས་ས་མཐོར་འཕྲོས། གཞུང་གྲོན་སློབ་གསོའི་རྨང་གཞི་བརྟན་དུ་སོང་།

    “སློབ་གྲྭ་ནས་ཁ་ལག་སྟེར་བ་དང་ཞག་སྡོད་བྱས་པར་དངུལ་སྤྲོད་དགོས་ཀྱི་མི་འདུག ད་དུང་སློབ་གོས་དང་ཡིག་ཆས་གསར་པའང་སྤྲོད་ཀྱི་འདུག”ཅེས་ས་བབ་སྨི་4000ཡོད་པའི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ཉང་ཕུ་ཤང་ལྟེ་བའི་སློབ་ཆུང་གི་ལོ་12ལ་སླེབས་པའི་དཀོན་མཆོག་རབ་བརྟན་གྱིས་འཛུམ་དམུལ་དམུལ་ངང་བཤད། ད་ཆ་ཁོ་པར་ཉིན་ལྟར་འཚོ་བཅུད་སྙོམས་པའི་ཁ་ལག་ཟ་རྒྱུ་ཡོད་ལ། སློབ་སྦྱོང་ཧུར་ཐག་འབད་ཐག་བྱས་པ་ལས་ཁོ་པའི་སྦྱངས་འབྲས་འཛིན་གྲྭའི་མདུན་གྲལ་དུ་སླེབས་ཡོད།

    དཀོན་མཆོག་རབ་བརྟན་གྱིས་བློ་བདེ་བའི་ངང་སློབ་སྦྱོང་བྱེད་ཐུབ་པ་དེ་ནི། བོད་ཀྱིས་རྒྱལ་ཡོངས་ནས་སྔོན་ལ་ལག་ལེན་བསྟར་བའི་སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང(འབྲིང་རིམ་ལས་རིགས་སློབ་གྲྭ་ཚུད་པ)དུས་མཚམས་བར་གྱི་ལོ་15ཡི་གཞུང་གྲོན་སློབ་གསོའི་སྲིད་ཇུས་དང་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ཀྱི་དྲིན་རེད།

    ལོ་ངོ་40ལྷག་ཙམ་རིང་བོད་རང་སྐྱོང་ལྗོངས་ཀྱིས་སློབ་གསོར་འགན་ལེན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཞིང་། སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་ཁ་གསབ་ཚད་གཞི་ལོ་22བསྟུད་མར་མཐོ་རུ་བཏང་བ་བརྒྱུད། 2025ལོར་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་5700ཟིན་པ་དང་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་1196.56ལ་ཕན་པ་ཐོབ་ཡོད། སློབ་གསོའི་དུས་མཚམས་ཁག་ཚང་མར་ཁྱབ་པའི་སློབ་རོགས་སྲིད་ཇུས་མ་ལག་བཙུགས་ཤིང་། རིམ་རྩིས་བརྒྱབ་ན་སློབ་མར་རོགས་དངུལ་དོན་འཁྱོལ་བྱེད་ཚད་སྒོར་དུང་ཕྱུར་443.42ཟིན་པ་དང་རོགས་རམ་ཐོབ་པའི་སློབ་མ་མི་ཐེངས་ཁྲི་2274.33ཟིན་ཡོད། འགན་ལེན་དེ་དག་ལས་ཁྱིམ་ཚང་གི་དཔལ་འབྱོར་གྱི་ཁུར་པོ་ཇེ་ཡང་དུ་ཕྱིན་པ་མ་ཟད། དཀོན་མཆོག་རབ་བརྟན་དང་འདྲ་བའི་ཕྲུ་གུ་གྲངས་མེད་ཀྱི་སློབ་གྲྭར་སྐྱོད་པའི་བསམ་འདུན་ཡང་གྲུབ་ཡོད།

    སློབ་ཤོར་ལ་ཚོད་འཛིན་དང་སློབ་གྲྭ་འགྲིམ་པར་སྲུང་སྐྱོབ་ཀྱི་རྒྱུན་རྣམ་ལྟ་སྐུལ་ཞིབ་བཤེར་སྙན་ཞུའི་ལམ་ལུགས་བཙུགས་ཏེ། སྐབས་བསྟུན་གཙང་སེལ་གྱི་དམིགས་ཚད་མུ་མཐུད་སྲ་བརྟན་དུ་བཏང་ཞིང་། ད་ཆ་ལྗོངས་ཡོངས་སུ་དབུལ་ཕོངས་དབང་གིས་སློབ་ཤོར་དང་སློབ་མཚམས་ཆད་པ་གཅིག་ཀྱང་མེད་ལ། “སློབ་གྲྭར་འགྲོ་ས་ཡོད་པ་དང་སློབ་གྲྭ་ཡག་པོར་འགྲོ་ས་ཡོད་པའི”བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་འདུན་ཡོངས་སུ་གྲུབ་ནས་སློབ་གསོ་དྲང་གཞག་གི་ཉི་འོད་གངས་ལྗོངས་ས་མཐོའི་ཁྱོན་ལ་འཕྲོས་ཡོད།

    མི་སྐྱོང་མི་གསོའི་ཐོག་མའི་བསམ་འདུན་ལེགས་པར་བསྲུངས། གཅིག་མཐུན་ཚོཌ་པའི་འདུ་ཤེས་བརྟན་དུ་བཏང་།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་རིགས་ས་ཁུལ་གྱི་རྣམ་པར་འགྱུར་ལྡོག་གཏོང་དགོས་ན་གཞི་རྩའི་ཆ་ནས་སློབ་གསོར་བརྟེན་དགོས”ཞེས་བསྟན་གནང་ཡོད་ལ། “སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། ཀྲུང་ཧྭར་དགའ་ཞེན་གྱི་སེམས་པ་གཞོན་ནུ་ལོ་ཆུང་ཚང་མའི་སེམས་གཏིང་དུ་འཇགས་པར་བྱེད་དགོས”ཞེས་ནན་བཤད་གནང་ནས། དུས་རབས་གསར་པའི་བོད་ཀྱི་སློབ་གསོའི་ལས་དོན་ཡག་པོ་བསྒྲུབ་པར་རྩ་བའི་གཞི་འཛིན་ས་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་ཡོད།

    2024ལོའི་བར་ལྗོངས་ཡོངས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་གཏོང(མི་རིགས་མཐུན་སྒྲིལ་ཡར་ཐོན)དཔེ་སྟོན་སློབ་གྲྭ་499བཙུགས་པ་དང་། སློབ་གྲྭ་10ལ་རྒྱལ་ཡོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་གཏོང་གི་དཔེ་སྟོན་སློབ་གྲྭའི་མཚན་སྙན་ཐོབ་པ། སློབ་གྲྭ(སློབ་གླིང)2ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པ། དགེ་རྒན་2ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་གྱི་མཚན་སྙན་ཐོབ་ཡོད།

    2024ལོའི་འཐེན་བཤེར་བྱས་འབྲས་ལས་མངོན་པར། ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མས“མོས་སེམས་ལྔར”ངོས་འཛིན་ཐུབ་ཚད་དང་ཤེས་རྟོགས་ཐུབ་ཚད་95%ལས་བརྒལ་ཞིང་། བུ་བཅོལ་ཁང་གི་འཛིན་གྲྭ་ཆེ་བའི་བྱིས་པའི་སྐད་ཡིག་ནུས་པར་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་བྱེད་པའི“ལན་འདེབས”དང་། “ངོས་འཛིན”“གདམ་ག”“ལག་ལེན”“སློབ་སྦྱོང”“གཏམ་བརྗོད”བཅས་ཕྱོགས་དྲུག་ཐད་ཆ་སྙོམས་སྐར་མ་ཐོབ་ཚད་ཅུང་མཐོ་པོ་ཡོད།

    ད་ཆ་བོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དེ་སློབ་གསོ་གཉེར་སྐྱོང་དང་། སློབ་གྲྭ་བཅོས་སྐྱོང་། སློབ་ཁྲིད་མི་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་བཅུག་ནས། རྒྱལ་གཅེས་ཏང་གཅེས་དང་མཐུན་སྒྲིལ་འབད་འབུངས་ཀྱི་སེམས་ཤུགས་གཞོན་ནུ་ལོ་ཆུང་གི་སེམས་ནང་ཟུག་པར་བྱས་ནས་ཁོང་ཚོའི་འཚར་ལོངས་ལམ་བུའི་ཐོག་གི་བསམ་བློའི་གཞི་མདངས་སུ་གྱུར་ཡོད།

    ཁ་ཕྱོགས་གཉིས་ནས་མཉམ་ཤུགས་གཅིག་ཏུ་འདུས། མི་རིགས་མཐུན་སྒྲིལ་ཤེས་ལྡན་འཁོར་འབྲེལ་བཙུགས།

    “ཕྲུ་གུ་ཚོས་རྡོག་ཆས་བསྡུ་གསོག་བརྒྱབ་ནས་ཕ་ཡུལ་དུ་ལོག་པ་མཐོང་སྐབས་རང་ཉིད་ཀྱི་འདས་སོང་གི་གནས་ཚུལ་ཡང་སེམས་ལ་འཁོར་གྱི་འདུག”ཅེས་ཧྲན་ཏུང་ཞིང་ཆེན་ཅི་ནན་བོད་ལྗོངས་སློབ་འབྲིང་གི་ཉལ་ཁང་དུ་ལོ་52ལ་སླེབས་པའི་དགེ་རྒན་བསྟན་སྐྱོང་གིས་བརྗོད། སློབ་གྲྭ་ཐོན་གྲབས་ཡོད་པའི་ཕྲུ་གུ་རྣམས་མཐོང་སྐབས་ཁོང་གི་སེམས་ནང་དྲན་འཆར་མང་པོ་བྱུང་།

    ལོ་40ཡི་གོང་། བོད་ལྗོངས་འཛིན་གྲྭར་སྐྱོད་སྔ་ཤོས་གྲས་ཤིག་ཡིན་པའི་ཁོང་གིས་ལོ་13ནས་ནང་སར་དམའ་འབྲིང་ནས་མཐོ་འབྲིང་བར་འགྲིམས་པ་དང་། དེ་ནས་ཧྭ་ཏུང་དགེ་འོས་སློབ་ཆེན་ལ་རྒྱུགས་འཕྲོད། སློབ་གྲྭ་ཐོན་རྗེས་བློ་རྩ་བརྟན་པོས་བོད་ལྗོངས་སློབ་ཆེན་དུ་དགེ་རྒན་གྱི་ལས་ལ་ཞུགས་རྒྱུའི་གདམ་ག་བྱས། 2001ལོར་ཁོང་སླར་ཡང་ཅི་ནན་བོད་ལྗོངས་སློབ་འབྲིང་དུ་བསྐྱོད་དེ། དེ་སྔའི“བོད་ལྗོངས་འཛིན་གྲྭའི”སློབ་མ་ནས་ད་ཆའི“བོད་ལྗོངས་འཛིན་གྲྭའི”དགེ་རྒན་དུ་གྱུར།

    1985ལོར། རྒྱལ་ཡོངས་ཀྱི་ཞིང་ཆེན(གྲོང་ཁྱེར)16ཏུ་བོད་ལྗོངས་དམའ་འབྲིང་འཛིན་གྲྭ་བཙུགས་ནས་གངས་ལྗོངས་ས་མཐོ་དང་ལྗོངས་ཕྱི་རོལ་གྱི་ཞིང་ཆེན་དང་གྲོང་ཁྱེར་བར་སྦྲེལ་མཐུད་བྱེད་པའི་སློབ་གསོ་མཉམ་ལས་ཀྱི་འབྲེལ་ཟམ་ཞིག་བསྐྲུན་ཡོད། ལོ་མང་རིང་། རིམ་རྩིས་བརྒྱབ་ན་བོད་ལྗོངས་འཛིན་གྲྭ(སློབ་གྲྭ)ཡིས་སློབ་མ་མི་ཐེངས་ཁྲི་17བསྡུས་ནས་བོད་ལ་ཤེས་ལྡན་པ་སྣ་ཚོགས་ཁྲི་7.2ལྷག་ཙམ་གསོ་སྐྱོང་བྱས་ཡོད། དེ་སྔ“ཕྱིར་སྐྱོད”སློབ་མ་དག་ད་ཆ་བོད་ཀྱི་ལས་རིགས་ཁག་ཏུ་རྩ་བ་ཚུགས་ནས་ཕ་ཡུལ་འཛུགས་སྐྲུན་བྱེད་མཁན་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད།

    ད་ཆ“རིག་ལྡན་སློབ་གསོ”དང“ཤེས་ལྡན་པས་སྐྱོང་ལན་འཇལ་བའི”སྲིད་ཇུས་མུ་མཐུད་གཏིང་ཟབ་ཏུ་ཕྱིན་པ་དང་ཆབས་ཅིག “བོད་ལྗོངས་འཛིན་གྲྭ”ཡིས་གསོ་སྐྱོང་བྱེད་སྟངས་མུ་མཐུད་ལེགས་སུ་བཏང་ནས་གངས་ལྗོངས་ས་མཐོར“ཕན་ཐོགས་པ་དང་། གཞིས་ཆགས་ཐུབ་པ། གོ་ཆོད་པའི”ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུ་རེད།

    སྤུས་མཐོ་ནུས་ཆེ་གོ་དོན་ཟབ་ཏུ་བཏང་། སྤུས་མཐོའི་སློབ་གསོས་སྤུས་ལེགས་འཕེལ་རྒྱས་གཉེར།

    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་སློབ་ཆེན་གྱིས་རིག་ཚན་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རིག་ཚན་གྱི་སྟོབས་ཤུགས་དང་ཚན་རིག་ཞིབ་འཇུག་གི་ཆུ་ཚད་མཐོ་རུ་བརྟན་པོ་བཏང་བ་སྟེ། སྐྱེ་ཁམས་རིག་པའི་རིག་ཚན་དེ་2024ལོའི་འདུས་དཔྱད་ཚན་རིག་ཀྲུང་གོའི་རིག་ཚན་ཡག་ཤོས་ཀྱི་མདུན་གྲལ་ཨང་18ཀྱི་གྲས་སུ་ཚུད་པ་དང་། བཟོ་སྐྲུན་རིག་པ་དང་ཁོར་ཡུག་དང་སྐྱེ་ཁམས་རིག་པ་ལྟེ་བའི་རིག་ཚན་ཆེན་པོ་གཉིས་ESIགོ་ལ་ཧྲིལ་པོའི་ཨང་རིམ་མདུན་གྲལ་གྱི་1%གི་གྲས་སུ་བདེ་བླག་ངང་ཚུད་པ། ཚན་ཞིབ་ཤེས་ལྡན་པ་170ལྷག་ཙམ་དང་གསར་གཏོད་ཚོགས་པ་6རང་སྐྱོང་ལྗོངས་ཀྱི“ཇོ་རིའི་ཤེས་ལྡན་པ”ཞེས་པའི་ཤེས་ལྡན་པའི་འཆར་གཞི་ཐོག་མའི་ནང་བདམས་ཐོན་བྱུང་ཡོད།

    བོད་ཀྱི་འཕེལ་རྒྱས་དགོས་མཁོར་དམིགས་ནས། བོད་ཀྱི་མཐོ་སློབ་ཀྱིས་རིག་ཚན་གྱི་ལེགས་ཆར་གཞི་ཚུགས་ཏེ་ཚན་ཞིབ་གྲུབ་འབྲས་དང་ཆེད་ལས་ཤེས་ལྡན་པ་མུ་མཐུད་ཕྱིར་གཏོང་བྱས་ཤིང་། བོད་ལྗོངས་ཞིང་འབྲོག་སློབ་ཆེན་གྱིས་ས་མཐོའི་ཞིང་འབྲོག་ལས་ལ་དམིགས་ནས་ཁྱད་ལྡན་ཆེད་ལས་འགག་སྒྲོལ་གྱི་འབྲོག་རྩྭ་གསོ་སྐྱོང་དང་བོད་ཕག་གསོ་སྤེལ་སོགས་ཀྱི་ལག་རྩལ་ལ་བརྟེན་ཏེ། གོ་ཆོད་རྣམ་པའི་ཤེས་ལྡན་པ་གསོ་སྐྱོང་གིས་གྲོང་གསེབ་དར་རྒྱས་ཡོང་བར་རོགས་རམ་བྱས་པ་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་བོད་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་ལ་གཞོལ་ནས་སྲོལ་རྒྱུན་གྱི་དཔེ་དེབ་སྔོག་འདོན་དང་དེང་རབས་ཀྱི་བོད་སྨན་ཞིབ་འཇུག་གསར་སྤེལ་བྱས་ཤིང་། ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱས་ནས་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱས་པ་ལ་སོགས། མཐོ་སློབ་ཁག་གིས་མཉམ་དུ་མཐུན་རྐྱེན་སྦྱར་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་ཀྱི་མཐོ་རིམ་སློབ་གསོའི་སྤུས་ཚད་མཐོར་གཏོང་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྫོགས་མཐའ་མེད་པའི་སྒུལ་ཤུགས་བསྣན་ཡོད།

    ཉེ་བའི་ལོ་ལྔའི་རིང་། བོད་ཀྱི་ལས་རིགས་སློབ་གསོས་རིམ་རྩིས་བརྒྱབ་ན་ལག་རྩལ་རྩལ་ནུས་ཤེས་ལྡན་པ་ཁྲི་5ལྷག་ཙམ་གསོ་སྐྱོང་བྱས་པ་དང་། ཁྱད་ལྡན་ཆེད་ལས་23གསར་དུ་བསྣན་པ་དག་ནུས་རྒྱུ་གཙང་མའི་ལག་རྩལ་དང་། བོད་ལུགས་གསོ་རིག རིག་གནས་ཡུལ་སྐོར་སོགས་གཙོ་གནད་ཁྱབ་ཁོངས་སུ་ཁྱབ་ཅིང་། འབྲིང་རིམ་ལས་རིགས་སློབ་གྲྭ་དང་ཁེ་ལས་དབར་མཉམ་ལས་ཆེད་ལས་ཁྱབ་ཚད་100%ཟིན་ནས“ཐོན་ལས་འཁོར་འབྲེལ་ལ་བརྟེན་ནས་ཆེད་ལས་འཛུགས་པ་དང་ལས་གནས་ཀྱི་དགོས་མཁོ་གཞིར་བཟུང་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི”དམིགས་ཡུལ་དངོས་སུ་མངོན་འགྱུར་བྱུང་ཡོད།

    ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པར་བོད་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་སློབ་གསོའི་ས་ཁུལ་སྟོབས་ཆེན་གྱི་བརྗིད་ཆེའི་འཆར་གཞི་ལྟར“བློ་སྦྱོང་དང་། སྤུས་ཚད་ལེགས་གཏོང་། རྨང་གཞི་བརྟན་གཏོང་། དགེ་རྒན་ཧྲག་འཛུགས། སློབ་མ་གསོ་སྐྱོང”བཅས་ཀྱི་འདུ་འགོད་ཆེན་པོ་ལྔ་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།