གཞིས་རྩེ་ལས་རིགས་ལག་རྩལ་སློབ་གླིང་བསྐྲུན་ནས་སྤྱོད་འགོ་ཚུགས་པ།
སྐབས་དང་པོའི་སློབ་བསྡུ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པ།
ཉེ་ཆར་གཞིས་རྩེ་ལས་རིགས་ལག་རྩལ་སློབ་གླིང་གི་རྣམ་གྲངས་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་ཡོད། གཞིས་རྩེའི་མཐོ་རིམ་ལས་རིཌ་སློབ་གྲྭ་ཐོག་མ་ཡིན་པའི་ངོས་ནས། སློབ་གྲྭ་དེ་བསྐྲུན་ཏེ་སྤྱོད་འགོ་ཚུགས་པ་ལས་གཞིས་རྩེའི་མཐོ་རིམ་སློབ་གསོར“མེད་པ་ནས་ཡོད་པའི་བར”གྱི་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། མིག་སྔའི་བར་སློབ་གླིང་གིས་སློབ་མ་234བསྡུས་པ་དང་། མཐོ་སློབ་དཀྱུས་མའི་རྒྱུགས་སྤྲོད་ཁག་ཐེངས་ཀྱི་རྒྱུགས་སྤྲོད་སློབ་མ་བསྡུས་ཟིན་ཞིང་། ལྗོངས་ནང་ཁུལ་གྱི་ཁ་གཏད་མཐོ་རིམ་ལས་རིགས་ཁག་ཐེངས་ཀྱི་རྒྱུགས་སྤྲོད་སློབ་མ་བསྡུ་བའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
སློབ་གླིང་དེ་2025ལོའི་ཟླ་9ཚེས་15ཉིན་ནས་སློབ་འགོ་འཛུགས་རྩིས་ཡོད་པ་དང་། ཁག་ཐེངས་ཐོག་མར་ནད་གཡོག་དང་། བྱིས་པ་དང་ཕྲུ་གུ་དམར་འབྱར་གྱི་བཅོལ་གསོ་ཞབས་ཞུ་དང་དོ་དམ། དེང་རབས་ཞིང་ལས་ལག་རྩལ། དེང་རབས་ཟོག་འགྲེམས་དོ་དམ། རླངས་འཁོར་ཞིབ་དཔྱད་ཚད་ལེན་དང་ཉམས་གསོའི་ལག་རྩལ། ཨར་སྐྲུན་ལས་གྲྭའི་ལག་རྩལ་བཅས་ཆེད་ལས་6བཙུགས་ནས་སྐབས་དང་པོར་སློབ་མ་750(དེའི་ནང་ལྗོངས་ནང་ཁུལ་གྱི་སློབ་མ་600དང་ལྗོངས་ཕྱིའི་སློབ་མ་150)བསྡུ་རྒྱུ་ཡིན་པ་རེད། དྲ་ཐོག་ནས་སློབ་མ་གསར་པ་བསྡུ་བའི་ལས་དོན་ཟླ་7ཚེས་23ཉིན་དངོས་སུ་འགོ་ཚུགས་པ་དང་ཟླ་8ཚེས་31ཉིན་མཚམས་འཇོག་རྩིས་ཡོད་པ་རེད། འབྲེལ་ཡོད་སློབ་བསྡུའི་མིང་ཐོ་གཞིས་རྩེ་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་གཞུང་ཕྱོགས་དྲ་ཚིགས་བརྒྱུད་ཁྱབ་བསྒྲགས་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གླིང་དེ་གཞིས་རྩེའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་གནས་ཤིང་། མ་དངུལ་བསྡོམས་སྒོར་དུང་ཕྱུར་5བཏང་བ་དང་ཨར་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་9.05ཟིན་ནས་སློབ་མ་2400ཙམ་ཤོང་ཐུབ་ཀྱི་ཡོད། ཕྱོགས་བསྡུས་དཔེ་མཛོད་ཐོག་ཁང་དང་། ཁང་ནང་ལུས་རྩལ་ར་བ། དངོས་སྦྱོང་ཐོག་ཁང་། སྤྱི་པའི་སློབ་ཁྲིད་ཐོག་ཁང་། སློབ་མའི་སྡོད་ཤག ཟ་ཁང་། དེ་བཞིན་སློབ་མའི་བྱེད་སྒོ་ལྟེ་གནས་སོགས་རྐྱང་གཟུགས་ཁང་ཐོག་14བསྐྲུན་ནས་དགེ་རྒན་དང་། སློབ་ཚན། དངོས་སྦྱོང་སོགས་ཀྱི་གྲ་སྒྲིག་ཚགས་ཚུད་པ་དང་། སྒོ་རྩིས་ཚོང་ཁང་དང་། ཆུ་ཁོལ་ལེན་ས། གོས་འཁྲུད་ཁང་། སྐྲ་བཞར་ཁང་། པར་སློག་ཁང་། མྱུར་སྐྱེལ་ས་ཚིགས་སོགས་འཚོ་བའི་སྒྲིག་བཀོད་ཚང་མའང་འཛོམས་ཡོད།
འབྲེལ་ཡོད་གསར་འགྱུར།