བོད་ཡིག་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་ནས“རྩེ་གྲས་གཉིས”ཀྱི་མཐོ་སློབ་བར་གྱི་འགྱུར་ལྡོག
བོད་ལྗོངས་སློབ་གྲྭ་ཆེན་མོ་བཙུགས། མཐོ་རིམ་སློབ་གསོ་འཕེལ་རྒྱས་མྱུར།
1985ལོའི་ཟླ་7ཚེས་20ཉིན་ནི་བོད་ཀྱི་མཐོ་རིམ་སློབ་གསོ་འཕེལ་རྒྱས་གཏོང་བ་དེ་ལོ་རྒྱུས་དེབ་ཐེར་ནང་བཀོད་པའི་ཉིན་མོ་གལ་ཆེན་ཞིག་ཡིན་ཞིང་། 1951ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་སྡེ་བཅོ་བརྒྱད་པས་བཙུགས་པའི་བོད་ཡིག་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་དེ་མིང་ཐེངས་མང་བསྒྱུར་བ་དང་འཕེལ་རྒྱས་བཏང་བ་བརྒྱུད་ཉིན་དེར་དངོས་སུ་བོད་ལྗོངས་སློབ་ཆེན་ཞེས་མིང་བསྒྱུར་ནས་སྒོ་བྱང་བཀལ་བ་རེད།
བོད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་དང་པོ་ཡིན་པའི་བོད་ལྗོངས་སློབ་ཆེན་གྱི་སྒོ་བྱང་བཀལ་པ་དེ་ཐོག་ནས་བོད་ཀྱི་སློབ་གསོའི་བྱ་གཞག་དང་ལྷག་པར་དུ་མཐོ་རིམ་སློབ་གསོ་དངོས་སུ་འཕེལ་རྒྱས་ཀྱི“མྱུར་ལམ”དུ་བསྐྱོད་པ་མཚོན་པ་དང་བོད་ཀྱི་ཉེ་རབས་དང་དེང་རབས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན།
མེད་པ་ནས་ཡོད་པའི་བར་རྨང་རྡོ་བཏིང་བ།
ཞི་བས་བཅིངས་འགྲོལ་མ་བཏང་གོང་། བོད་དུ་དེང་རབས་ཀྱི་དོན་སྙིང་ལྡན་པའི་ཚད་ལྡན་གྱི་སློབ་གྲྭ་གཅིག་ཀྱང་མེད་ཅིང་། དགོན་པའི་སློབ་གསོ་དང་། གཞུང་བཙུགས་སློབ་གསོ། སྒེར་བཙུགས་སློབ་གྲྭའི་སློབ་གསོ་བཅས་ནི་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་སློབ་གསོའི་རྣམ་པ་གཙོ་བོ་ཞིག་ཡིན། དེས་ན་བོད་ཀྱི་མི་འབོར་བསྡོམས་འབོར་གྱི་95%བཟུང་བའི་ཞིང་བྲན་ལ་སློབ་གསོ་ཐོབ་པའི་དབང་ཆ་མེད་པ་དང་། གཞོན་ནུ་དང་དར་མ་ཡིག་རྨོངས་ཡིན་ཚད་95%ཟིན་ཡོད།
1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། མི་དམངས་བཅིངས་འགྲོལ་དམག་གི་བོད་སྐྱོད་དཔུང་སྡེས་མང་ཚོགས་ཀྱི་ལས་དོན་ཡག་པོ་སྤེལ་བ་དང་བོད་ཡིག་ཤེས་པའི་ལས་བྱེད་པ་གསོ་སྐྱོང་བྱ་ཆེད། ལོ་དེའི་ཟླ་11པར་སྦྲ་གུར་ནང་བོད་ཡིག་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་གཉེར་བ་དེ་ནི་བོད་ལྗོངས་སློབ་ཆེན་གྱི་ཐོག་མའི་རྣམ་པ་དེ་རེད།
དེ་རྗེས་སྦྱོང་བརྡར་འཛིན་གྲྭ་དེ་བོད་དམག་ཁུལ་ཁང་གི་ལས་བྱེད་པའི་སློབ་གྲྭ་དང་། བོད་ས་གནས་ཀྱི་ལས་བྱེད་པའི་སློབ་གྲྭ བོད་ལྗོངས་སྲིད་འཛིན་ལས་བྱེད་པའི་སློབ་གྲྭ་སོགས་འཕེལ་རིམ་མང་པོ་ཞིག་བརྒྱུད། 1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་ལས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསུས་ཡོད། ས་གནས་དེ་གའི་དགེ་རྒན་གྱི་སྟོབས་ཤུགས་གསོ་སྐྱོང་བྱ་ཆེད། བོད་ལྗོངས་སྲིད་འཛིན་ལས་བྱེད་པའི་སློབ་གྲྭའི་རྨང་གཞིའི་ཐོག་བོད་ལྗོངས་དགེ་འོས་སློབ་གྲྭ་དངོས་སུ་བཙུགས་པ་རེད།
ཀྲང་ཐིང་ཧྥང་དང་བཟའ་ཟླ་ཚེ་དབང་འགྱུར་མེད་གཉིས་པེ་ཅིང་དགེ་འོས་སློབ་ཆེན་ནས་ངོ་ཤེས་ཏེ་དགའ་རོགས་བསྒྲིགས་མཐར་གཉེན་སྒྲིག་བྱས། 1972ལོའི་དབྱར་ཁར་སློབ་མཐར་ཕྱིན་རྗེས་ཁོང་གཉིས་པོས་རང་འགུལ་ངང་བོད་དུ་ལས་ཀ་བྱེད་པར་འགྲོ་རྒྱུའི་རེ་འདུན་ཞུས་ནས་བོད་ཀྱི་སློབ་གསོའི་བྱ་གཞག་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།
བོད་དུ་བསྐྱོད་ནས་ལང་ཚོ་དང་ཚེ་གང་གི་ཁྲག་དྲོན་ས་མཐོར་ཕུལ་བའི་གདམ་ག་བྱས་པ་ནས་བཟུང་ཁོང་གཉིས་པོའི་མི་ཚེའི་བཤུལ་ལམ་རིང་མོ་དེ་བོད་ལྗོངས་སློབ་ཆེན་དང་དམ་དུ་འབྲེལ་བ་སྐབས་དེ་དུས་ཧ་ལམ་ཁོང་གི་སེམས་སུ་འཁོར་མྱོང་མེད་ཤས་ཆེ།
ཁྱད་བསད་མི་ཐུབ་པའི་དཀའ་ངལ་ཅི་ཡང་མེད་པ།
ཀྲང་ཐིང་ཧྥང་དང་ཚེ་དབང་འགྱུར་མེད་ལས་ཀར་ཞུགས་པའི་ལོ་དེར་བོད་ཀྱི་མཐོ་རིམ་སློབ་གསོ་དེ་མེད་པ་ནས་ཡོད་པའི་འགོ་ཚུགས་དུས་མཚམས་སུ་གནས་པས། ཚད་ལྡན་སློབ་གསོ་ཐོབ་མྱོང་བའི་ཁོང་གཉིས་བོད་ལྗོངས་དགེ་འོས་སློབ་གྲྭར་བཀོད་སྒྲིག་བྱས། ཀྲང་ཐིང་ཧྥང་རྒྱ་ཡིག་སློབ་དཔྱོད་ཚོགས་ཆུང་དང་ཚེ་དབང་འགྱུར་མེད་བོད་ཡིག་སློབ་དཔྱོད་ཚོགས་ཆུང་དུ་ལས་བགོས་བརྒྱབ།
ཀྲང་ཐིང་ཧྥང་གིས། སྐབས་དེར་དགེ་འོས་སློབ་གྲྭ་མེད་པར་བཟོས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འགོ་ཚུགས་མ་ཐག་ཡིན་པས་གྲ་སྒྲིག་ཡག་པོ་བྱུང་མི་འདུག སློབ་མ་ཚོ་ཧ་ལམ་བོད་རིགས་ཡིན་པས་རྒྱ་སྐད་མ་གོ་བ་དེ་གནད་དོན་ཆེ་ཤོས་སུ་གྱུར་ཡོད་ཅེས་ཕྱིར་དྲན་བྱས།
དཀའ་གནད་དེ་དག་སེལ་ཆེད། ཚེ་དབང་འགྱུར་མེད་ཀྱིས་ཀྲང་ཐིང་ཧྥང་གི་སློབ་ཁྲིད་གྲ་སྒྲིག་དེབ་ཀྱི་ཐ་སྙད་གསར་པའི་གཤམ་དུ་བོད་ཡིག་གི་མཆན་བརྒྱབ་པ་རེད།
ཕྱིས་སུ། སློབ་མ་ཚོས་སློབ་སྦྱོང་བྱེད་བདེ་བའི་ཆེད་དུ། ཀྲང་ཐིང་ཧྥང་དང་ཚེ་དབང་འགྱུར་མེད་གཉིས་ཀྱིས་རྒྱ་ཡིག་དང་། རྒྱ་ཡིག་གི་སྒྲ་སྦྱོར་སྟངས། བོད་ཡིག་བཅས་ཤན་སྦྱར་གྱི《རྒྱ་ཡིག》སློབ་དེབ་ཆ་ཚང་ཞིག་མཉམ་དུ་རྩོམ་སྒྲིག་བྱས། སློབ་དེབ་དེ་ལས་བོད་ཀྱི་རྒྱ་སྐད་སློབ་ཁྲིད་དང་སྤྱི་སྐད་ཁྱབ་སྤེལ་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།
1975ལོར། བོད་ལྗོངས་དགེ་འོས་སློབ་གྲྭ་དེ་བོད་ལྗོངས་དགེ་འོས་སློབ་གླིང་དུ་བསྒྱུར། 1983ལོར། ཀྲུང་དབྱང་གིས་བོད་ལྗོངས་དགེ་འོས་སློབ་གླིང་རྨང་གཞིར་བྱས་ནས་བོད་ལྗོངས་སློབ་ཆེན་གྲབས་འཛུགས་བྱ་རྒྱུའི་ཐག་བཅད་ཅིང་། ཚེ་དབང་འགྱུར་མེད་གྲ་སྒྲིག་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་གཅིག་ལྕོགས་སུ་བསྐོས། དེ་ནི་གངས་ལྗོངས་ས་མཐོའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་དང་པོ་ཡིན་པས་གྲ་སྒྲིག་ལས་འགན་ཧ་ཅང་དཀའ་ཚེགས་ཆེ།
སྐབས་དེའི་བོད་ལྗོངས་དགེ་འོས་སློབ་གླིང་ལ་དགེ་རྒན་ཉུང་ཞིང་སྤུས་ཚད་ཞན་པ་མ་ཟད། མཁྲེགས་ཆས་སྒྲིག་བཀོད་ཐད་ནས་ཀྱང་མཐོ་རིམ་སློབ་གསོའི་ཚད་གཞིར་སླེབས་མེད།
དེར་བརྟེན། ཚེ་དབང་འགྱུར་མེད་དང་གྲ་སྒྲིག་ཚོགས་ཆུང་གི་ཁོངས་མི་ཚོས་སོ་སོར་བརྟག་དཔྱད་ཞིབ་འཇུག་བྱས་ནས་ཇུས་གཞི་བཟོ་བ་དང་། ཡིག་ཆའི་མ་ཟིན་འགོད་རྒྱུ་སྒྲིག་འཛུགས་བྱེད་པ། བསམ་འཆར་ཡང་ཡང་བསྡུ་ལེན་བཅས་བྱས་ཏེ། རྒྱུན་གཏན་ལྟར་སློབ་ཁྲིད་བྱེད་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ཕྱོགས་ཁག་གི་འབྲེལ་བ་མཐུན་སྦྱོར་བྱས་ནས་དུས་ཚོད་སྐར་ཆ་ཙམ་ཡང་དམ་འཛིན་གྱིས་སློབ་ཆེན་གྱི་གྲ་སྒྲིག་ལས་དོན་བསྒྲུབས་པ་རེད། ཏང་ཀྲུང་དབྱང་གིས་1984ལོའི་དཔྱིད་ཀར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས་པེ་ཅིང་དང་། ཧྲང་ཧའེ། ཐེན་ཅིན་སོགས་ཞིང་ཆེན་དང་གྲོང་ཁྱེར་9དང་པུའུ་ཨུད་འགའ་ཞིག་གིས་བོད་ལ་ཁ་ཚ་དགོས་གཏུགས་ཀྱི་ལས་གྲྭའི་རྣམ་གྲངས་43སྐྲུན་རོགས་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་། བོད་ལྗོངས་སློབ་ཆེན་ཏག་ཏག་དེའི་ནང་ཚུད་ཡོད་པ་རེད།
ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་འོག བོད་ལྗོངས་སློབ་ཆེན་གྱི་སློབ་ཁྲིད་ཐོག་ཁང་གཙོ་བོ་དང་། དབྱིན་སྐད་ཚོད་ལྟ་ཁང་། སྒྱུ་རྩལ་ཚན་ཁག་གི་ཁྱད་ལྡན་སློབ་ཁྲིད་ཐོག་ཁང་སོགས་བཟོ་བཀོད་མང་པོ་བསྐྲུན་པར་ཁྱོན་སྨི་ངོས་གྲུ་10076ཡོད་པ་རེད།
1985ལོའི་ཟླ་7ཚེས་20ཉིན། ཞོགས་པའི་ཉི་གཞོན་ཤར་རིའི་རྩེ་ནས་ཤར་སྐབས། བོད་ལྗོངས་སློབ་ཆེན་གྱི་བྱང་སྒོའི་མདུན་དུ་དར་ཚོན་ལྷབ་ལྷུབ་ཏུ་གཡོ་ཞིང་། བོད་རྒྱ་ཡིག་རིགས་གཉིས་བྲིས་པའི་སློབ་གྲྭའི་སྒོ་བྱང་ལ་གོས་དར་དམར་པོ་ཞིག་གཡོགས་ནས་རྔམ་བརྗིད་ཀྱིས་ཡོལ་རས་འབྱེད་པར་སྒུག
ཚེ་དབང་འགྱུར་མེད་ཀྱིས་གོས་དར་དམར་པོ་ཕྱེ་རྗེས“བོད་ལྗོངས་སློབ་གྲྭ་ཆེན་མོ”ཞེས་པའི་སྒོ་བྱང་དེ་ཞོགས་པའི་ཉི་ཟེར་ཁྲོད་ནས་འོད་འཚེར་འཚེར་དུ་མངོན་ཞིང་། དགེ་སློབ་ཚོའི་ཐལ་མོའི་རྡེབ་སྒྲ་སློབ་གྲྭའི་ཕྱི་ནང་གང་སར་གྲགས།
མུ་མཐུད་འབད་འཐབ་བྱས་ནས་འབྱུང་འགྱུར་བཏོད་པ།
བོད་ལྗོངས་སློབ་ཆེན་དངོས་སུ་བཙུགས་རྗེས་ཚེ་དབང་འགྱུར་མེད་སློབ་སྤྱི་དང་པོར་བསྐོ་གཞག་བྱས་པ་དང་ཀྲང་ཐིང་ཧྥང་སྐད་ཡིག་ཚན་ཁག་གི་ཀྲུའུ་རེན་གཞོན་པར་བསྐོ་གཞག་བྱས། དེ་རྗེས་ཁོང་སློབ་སྤྱི་གཞོན་པའི་འགན་འཁུར་དུ་བཅུག་ནས་བཟའ་ཚོ་གཉིས་ཀ་དོ་དམ་གྱི་ལས་གནས་སུ་སླེབས། ཚེ་བརྟན་བཀྲ་ཤིས་སོགས་གཞོན་ནུ་ཤེས་ཡོན་ཅན་རྣམས་ལས་ཀའི་འཐབ་ས་དང་པོར་བསྐྱོད་དེ་རྒན་རབས་ཚོའི་ལག་ནས་རྒྱུག་མཐུད་དབྱུག་པ་བླངས།
ཚེ་བརྟན་བཀྲ་ཤིས་ནི་བོད་ལྗོངས་སློབ་ཆེན་བཙུགས་རྗེས་ཀྱི་སློབ་ཐོན་སློབ་མ་ཁག་དང་པོའི་རིགས་ཡིན་པ་དང་སློབ་མཐར་ཕྱིན་རྗེས་སློབ་གྲྭར་བསྡད་དེ་སློབ་ཁྲིད་ཀྱི་ལས་ལ་གཞོལ། བོད་རིག་པའི་རིག་ཚན་འཛུགས་སྐྱོང་ནང་ཞུགས་མཁན་དང་བདེན་དཔང་བྱེད་མཁན་ཞིག་ཡིན་པའི་ཚེ་བརྟན་བཀྲ་ཤིས་ཀྱིས་སློབ་གྲྭའི་མ་ལག་ཅན་གྱི་བོད་རིག་པའི་རིག་ཚན་གྱི་སློབ་དེབ་དང་དཔྱད་གཞིའི་དེབ་ཀྱི་མ་ལག་འཛུགས་པ་དང་། ཁོང་ནི་བོད་སྐད་ཡིག་རྩོམ་རིག་གི་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་ཚན་གྱི་ཆོག་མཆན་ཐོབ་པ། རྒྱལ་ཁབ་རིམ་པའི་བོད་རིག་པའི་སློབ་ཁྲིད་དཔུང་ཁག་འཛུགས་པ་སོགས་ཀྱི་འཕེལ་རིམ་གལ་ཆེན་དངོས་སུ་བརྒྱུད་མྱོང་ཡོད།
2001ལོར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པར“སྟོབས་ཤུགས་གཅིག་སྒྲིལ་གྱིས་བོད་ལྗོངས་སློབ་ཆེན་ཡག་པོ་གཉེར་དགོས”ཞེས་བཏོན་པ་དང་། 2004ལོར་ཀྲུང་དབྱང་གིས་མ་དངུལ་བཏང་ནས་བོད་ལྗོངས་སློབ་ཆེན་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ལས་གྲྭ་ལག་བསྟར་བྱས་པ། 2008ལོར་བོད་ལྗོངས་སློབ་ཆེན་འདི་ཉིད“211འདུ་འགོད”ཀྱི་གཙོ་གནད་འཛུགས་སྐྲུན་སློབ་ཆེན་གྱི་མིང་ཐོའི་ནང་ཚུད་པ། 2017ལོར་བོད་ལྗོངས་སློབ་ཆེན“འཛམ་གླིང་གི་རིག་ཚན་རྩེ་གྲ་འཛུགས་སྐྱོང་གི་མཐོ་སློབ”གྲས་སུ་ཚུད་པ། 2022ལོར་སློབ་གྲྭ་དེ་རེས་སྐོར་གཉིས་པའི“རྩེ་གྲས་གཉིས”འཛུགས་སྐྲུན་གྱི་མཐོ་སློབ་དང་འཛུགས་སྐྲུན་གྱི་རིག་ཚན་གྱི་མིང་ཐོའི་ནང་ཚུད་ཡོད།
དེ་སྔའི་བོད་ཡིག་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་ནས་ད་ཆའི“རྩེ་གྲས་གཉིས”ཀྱི་མཐོ་སློབ་བར། ཀྲང་ཐིང་ཧྥང་དང་ཚེ་བརྟན་བཀྲ་ཤིས་སོགས་སྐབས་རིམ་བྱུང་གི་བོད་ལྗོངས་སློབ་གྲྭ་ཆེ་མོ་བའི་རྒྱུན་མཐུད་འབད་བརྩོན་འོག བོད་ལྗོངས་སློབ་ཆེན་གྱིས་གངས་ལྗོངས་ས་མཐོའི་མཐོ་རིམ་སློབ་གསོ་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་ལེའུ་ཞིག་བརྩམས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཟིགས་རྒྱང་རིང་པོ་དང་སྤྱི་ཡོངས་གཅིག་འདོམས་འོག མཐའ་མཚམས་མི་རིགས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་དང་། ཁོང་སྐུ་ངོ་མས་བོད་ཀྱི་སློབ་གསོའི་ལས་དོན་ལ་བཀོད་སྒྲིག་དང་སྐུལ་འདེད་བཏང་གནང་ཡོད། 2018ལོ་དང་2020ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་། རྒྱལ་སའི་ལྕགས་དང་ངར་ལྕགས་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་པའི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་འཕྲིན་ལན་སྤྲིངས་གནང་ནས“བོད་རིགས་ས་ཁུལ་གྱི་རྣམ་པ་ལེགས་སུ་གཏོང་བར་གཙོ་བོ་སློབ་གསོར་བརྟེན་དགོས”པ་སོགས་ཀྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
བོད་ཀྱི་མཐོ་རིམ་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“མྱུར་ལམ”དུ་སླེབས་ཡོད་ཅིང་། 2013ལོར་བོད་ལྗོངས་སློབ་ཆེན་འདི་ཉིད་འབུམ་རམས་པའི་སློབ་གནས་སྤྲོད་ཆོག་པའི་ཚན་པར་ཆོག་མཆན་ཐོབ་པ་མ་ཟད། དབུས་རྒྱུད་དང་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་དར་རྒྱས་འཆར་གཞིའི་ནང་བཅུག་པ་དང་། 2018ལོར“སློབ་གསོ་པུའུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་སྐྲུན་བྱེད་པའི”མཐོ་སློབ་ལ་གྱུར་ཡོད། 2015ལོར་བོད་ལྗོངས་མི་རིགས་སློབ་གླིང་བོད་ལྗོངས་མི་རིགས་སློབ་ཆེན་དུ་མིང་བསྒྱུར་བ་དང་འབྲེལ། 2021ལོར་འབུམ་རམས་པའི་སློབ་གནས་སྤྲོད་ཆོག་པའི་ཚན་པར་ཆོག་མཆན་ཐོབ་ཡོད། 2018ལོར། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དེ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་མིང་བསྒྱུར་བ་མ་ཟད། འབུམ་རམས་པའི་སློབ་གནས་སྤྲོད་ཆོག་པའི་ཚན་པར་ཆོག་མཆན་ཐོབ་ཡོད། 2024ལོར་བོད་ལྗོངས་ཞིང་འབྲོག་སློབ་གླིང་འདི་ཉིད་འབུམ་རམས་པའི་སློབ་གནས་སྤྲོད་ཆོག་པའི་ཚན་པར་ཆོག་མཆན་ཐོབ་ཡོད།
ལྷག་པ་ཚེ་རིང་།
རེ་བའི་ས་བོན་བཏབ་པ།
ལྷག་པ་ཚེ་རིང་ནི་བོད་ལྗོངས་སློབ་ཆེན་བཙུགས་རྗེས་ཀྱི་སློབ་ཐོན་སློབ་མ་ཁག་དང་པོའི་གྲས་ཡིན་ཞིང་། སློབ་གྲྭ་ཐོན་རྗེས་ཁོང་གིས་སློབ་གྲྭར་དགེ་རྒན་བྱས་ནས་སྡོད་རྒྱུའི་གདམ་ག་བྱས།
“སྔོན་མ་ང་ཚོ་སློབ་ཚན་འཚོགས་སྐབས་ཚད་ལྡན་སློབ་དེབ་མཐོང་མ་མྱོང་ལ། བེད་སྤྱོད་བྱ་རྒྱུ་ཡོད་པ་དེ་དག་ཚང་མ་སྣུམ་པར་བརྒྱབ་པ་ཤ་སྟག་རེད” དེ་བཞིན། སློབ་དེབ་དཀོན་པ་ལས་བྱུང་བའི་བློ་ཕམ་དེ་ཡང་ཁོང་གིས་སློབ་དེབ་དཔེ་སྐྲུན་བྱེད་པའི་ཐོག་མའི་བསམ་འདུན་དུ་གྱུར་ཡོད།
ལྷག་པ་ཚེ་རིང་གིས“ཕྱིས་སུ་སློབ་གྲྭ་དང་སློབ་གླིང་གི་འགོ་ཁྲིད་རྣམ་པའི་ཤུགས་ཆེའི་རྒྱབ་སྐྱོར་དང་མཛུབ་ཁྲིད་འོག ང་དང་ན་གཞོན་དགེ་རྒན་མང་པོ་ཞིག་གིས་མཉམ་དུ་འབད་བརྩོན་བྱས་ཏེ་1998ལོར་རྩོམ་འཇུག་རྣམ་བཤད་དང་། རྩོམ་རིག་ལོ་རྒྱུས། དེང་རབས་རྩོམ་རིག་སོགས་ཁྱབ་ཁོངས་དང་འབྲེལ་བའི་བོད་སྐད་ཡིག་རྩོམ་རིག་གི་ནང་ཁུལ་སློབ་དེབ་ཁག་དང་པོ་བཏོན་ཡོད”ཅེས་བཤད།
2000ལོར་བོད་རང་སྐྱོང་ལྗོངས་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ལྷག་པ་ཚེ་རིང་གིས་སློབ་དེབ་རྩོམ་སྒྲིག་བྱེད་པའི་ལས་འགན་ལྕི་པོ་སླར་ཡང་ཕྲག་ཏུ་ཁུར། ལོ་མང་འབད་བརྩོན་བྱས་པ་བརྒྱུད། 2006ལོར་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་སློབ་དེབ་ཁག་དང་པོ་དངོས་སུ་པར་སྐྲུན་བྱས་ནས་བོད་སྐད་ཡིག་གི་རྩོམ་རིག་སློབ་དེབ་ཚད་ལྡན་མེད་པའི་ལོ་རྒྱུས་ལ་རྦད་དེ་འགྱུར་ལྡོག་བཏང་ཡོད”ཅེས་བཤད།
དགེ་འོས་སློབ་གསོའི་ཁྲོད《དམའ་འབྲིང་བོད་སྐད་ཡིག་གི་བསླབ་གཞི་སློབ་ཁྲིད》ཀྱི་དཔེ་དེབ་མེད་པར་གཞིགས་ནས། ལྷག་པ་ཚེ་རིང་གིས་རང་འགུལ་ངང་སྣེ་ཁྲིད་ནས་རྩོམ་སྒྲིག་དཔུང་ཁག་བཙུགས་ཏེ་སློབ་དེབ་རྩོམ་སྒྲིག་ལས་དོན་ལེགས་སྒྲུབ་བྱས་ནས་རིག་ཚན་སློབ་ཁྲིད་ཁྱབ་ཁོངས་ཀྱི་ཞན་ཆ་བསལ་ཡོད།
རིག་གཞུང་སློབ་གླིང་གི་ཡོན་ཀྲང་གཞོན་པའི་འགན་འཁུར་རིང་ལྷག་པ་ཚེ་རིང་གིས་རྒྱ་བོད་ལོ་ཙཱའི་ཁྱབ་ཁོངས་སུའང་ཆ་ལག་ཚང་བའི་བསླབ་གཞི་མེད་པ་ཤེས། སྟོང་ཆ་དེ་གསབ་ཆེད། ཁོང་གིས་རྒྱལ་ཁབ་ཕྱི་ནང་གི་ལོ་ཙཱའི་རིགས་པའི་གཞུང་ལུགས་དང་ལོ་རྒྱུས་ཀྱི་ལག་ལེན་གོ་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ཏེ་རང་ཉིད་ནས་འགན་གཙོ་བོ་བཞེས་ཏེ《བོད་ཀྱི་ཡིག་སྒྱུར་གཞུང་ལུགས》དང《བོད་ཀྱི་ཡིག་སྒྱུར་ལོ་རྒྱུས》《རྒྱ་བོད་ཡིག་སྒྱུར་གཞུང་ལུགས་དང་ལག་ལེན》བཅས་བརྩམས་ཆོས་གསུམ་རྩོམ་སྒྲིག་བྱས་ཡོད།
དེ་ལས་ཀྱང་འབོར་ཆེ་བའི་འདུ་འགོད་ནི་ཚིག་མཛོད་རྩོམ་སྒྲིག་བྱས་པ་དེ་རེད། ལྷག་པ་ཚེ་རིང་གིས་རྩོམ་སྒྲིག་པ་གཞོན་པའི་འགན་ཁུར་ནས་རྩོམ་སྒྲིག་ནང་ཞུགས་པའི《རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་སྤྱི་ཚོགས་ཚན་རིག་ཚིག་མཛོད》ནང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་རིག་ཚན་22ཚུད་ཡོད།
ལོ་མང་རིང་། ལྷག་པ་ཚེ་རིང་གིས་བོད་ལྗོངས་སློབ་ཆེན་གྱི་བསླབ་གཞི་སྒྲིག་བཟོའི་ལས་དོན་མེད་པ་ནས་ཡོད་པའི་བར་དང་ཡོད་པ་ནས་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་བདེན་དཔང་དང་སྐུལ་འདེད་བཏང་ཡོད།
བསོད་ནམས་ཡོན་ཏན།
ས་མཐོའི་སློབ་གྲྭ་ནས་སྐྱེ་འཚར་བྱུང་བའི་ལང་ཚོའི་སྟོབས་ཤུགས།
མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་མཐའ་སྲུང་མི་དམངས་ཉེན་རྟོག་པ་ནས་བོད་ལྗོངས་སློབ་ཆེན་གྱི་རབ་འབྱམས་པ་དང་འབུམ་རམས་པར་བསྟུད་མར་སྦྱངས་པ་བྱས་པའི་བར་དང་། སློབ་གྲྭའི་ཞིབ་འཇུག་སློབ་མའི་ལྷན་ཚོགས་ཀྱི་ཀྲུའུ་ཞི་ནས་རང་སྐྱོང་ལྗོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་བར“90ནང་སྐྱེས”ཀྱི་གཞོན་ནུ་དེས་ཐོབ་ཐང་སྣ་མང་གི་ཐོག་ནས་ས་མཐོའི་སློབ་གླིང་གི་ཞིང་ས་གཤིན་པོར་དེང་རབས་བོད་ཀྱི་གཞོན་ནུས་དུས་རབས་དང་གོམ་པ་མཉམ་བགྲོད་བྱས་པའི་འཚར་ལོངས་ཀྱི་གཏམ་རྒྱུད་བྲིས་ཡོད།
2022ལོར། བསོད་ནམས་ཡོན་ཏན་བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ནས་ལས་བྲལ་བྱས་ཏེ་བོད་ལྗོངས་སློབ་ཆེན་ལ་ཡིག་རྒྱུགས་བཏང་རྗེས། ཁྲིམས་ལུགས་རིག་པའི་རབ་འབྱམས་ཞིབ་འཇུག་སློབ་མ་ཞིག་ཏུ་གྱུར།
2023ལོ་དང་2024ལོར། བསོད་ནམས་ཡོན་ཏན་རྒྱལ་ཡོངས་ཀྱི་ལས་རིགས་འཆར་འགོད་འགྲན་བསྡུར་ཆེ་མོ་སྐབས་དང་པོར་ཞུགས། འགྲན་བསྡུར་ཁྲོད་ཁོང་གིས“མཐའ་སྲུང་མི་དམངས་ཉེན་རྟོག་པ་གཞིར་འཛིན་པ་དང་བོད་ལྗོངས་སློབ་ཆེན་གྱི་སློབ་མ་གཙོ་བོར”བྱས་ནས་དེ་གོང་གི་ལག་ལེན་དང་སྦྱངས་པའི་ཆེད་ལས་ཟུང་དུ་འབྲེལ་བས། བོད་ཀྱི་གཞི་རིམ་དུ་རྩ་བ་ཚུགས་ལ་རིག་གཞུང་གི་མཐོང་རྒྱ་ཡང་ལྡན་པའི་འཆར་འགོད་དང་ཇུས་གཞི་ལས་མཐར་དཔྱད་འདེམས་པར་སེམས་འགུལ་ཐེབས་ནས་གྲུབ་འབྲས་བཟང་པོ་ཐོབ་ཡོད།
ད་ཆ་བསོད་ནམས་ཡོན་ཏན་མི་རིགས་ཁྲིམས་ལུགས་རིག་པའི་རབ་འབྱམས་པ་ནས་རིག་རྩལ་རིག་པའི་འབུམ་རམས་པར་རྒྱུགས་འཕྲོད་ཡོད། བློ་ཁོག་ཆེ་བའི་གདམ་ག་དེ་ནི་སློབ་གྲྭའི་སྒོ་དབྱེ་བསྟུན་མཁས་ཀྱི་རིག་གཞུང་ཁོར་ཡུག་གིས་སྤྲད་པའི་གདེང་ཚོད་ལས་བྱུང་བ་ཞིག་རེད།
རབ་འབྱམས་པ་སློབ་གཉེར་རིང་གི་བགྲང་བྱ་གསུམ་ནང་བསོད་ནམས་ཡོན་ཏན་གྱིས་འགྲན་སློང་དང་གོ་སྐབས་གཉིས་ལྡན་གྱི་ས་རྒྱུ་གཤིན་པོར་ཧུར་ཐག་འབད་ཐག་བྱས་ཏེ“གཉིས་གཏོད”འགྲན་བསྡུར་གྱི་སྦྱོང་བརྡར་ཁྲོད་མགྱོགས་མྱུར་འཚར་ལོངས་བྱུང་ནས“རྩལ་འགྲན་མཉམ་འབྲེལ་བུམ་པའི”རྒྱལ་ཡོངས་ཀྱི་གསེར་གྱི་བྱ་དགའ་དང་། “དྲ་སྦྲེལ་+”རྒྱལ་སྤྱིའི་སློབ་གྲྭ་ཆེ་མོའི“གཉིས་གཏོད”འགྲན་བསྡུར་ཆེན་པོའི་གསེར་གྱི་བྱ་དགའ། བོད་རང་སྐྱོང་ལྗོངས་ཀྱི“ཤེས་ལྡན་པའི་བུམ་པ“དང“མངོན་འགྱུར་བའི་ཀྲུང་གོ”སོགས་འགྲན་བསྡུར་གྱི་བྱ་དགའ་རིམ་པ་དང་པོ་ཐོབ་པ་ལ་སོགས། “བརྗོད་གཞི་འདེམས་པ་ནས་དོན་འཁྱོལ་བར་སློབ་གྲྭས་རྒྱབ་སྐྱོར་ཆེན་པོ་གནང་བྱུང”ཞེས་བསོད་ནམས་ཡོན་ཏན་གྱིས་བཤད།
“ད་ཆའི་བོད་ཀྱི་གཞོན་ནུའི་ལུས་ཐོག་ཏུ་རྒན་རབས་ཚོའི‘མཐའ་མཚམས་སུ་གཞི་ཚུགས་པའི’སྙིང་རུས་ཡོད་ལ།‘འགག་སྒྲོལ་གསར་གཏོད’ཀྱི་སེམས་ཤུགས་ཀྱང་ཡོད”ཅེས་བསོད་ནམས་ཡོན་ཏན་གྱིས་བཤད།
འབྲེལ་ཡོད་གསར་འགྱུར།