དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལྷག་ཆུང་ལགས་དང་བགྲོ་གླེང་བྱས་པ།

    འཛམ་གླིང་ཡང་རྩེར་ས་མཐོའི་སྐྱེ་ཁམས་ཀྱི་གསང་བ་འཚོལ་ཞིབ་བྱེད་པ།

    ཚན་རིག་པའི་སྙིང་སྟོབས་དར་སྤེལ་གཏོང་བའི་སྐོར་གྱི་བགྲོ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-08

    འདི་ནི་ལྷག་ཆུང་གིས་ཕྱི་རོལ་དུ་རྟོག་ཞིབ་བྱེད་བཞིན་པ།

    མི་སྣའི་ལོ་རྒྱུས། 

    ལྷག་ཆུང་། 1969ལོའི་ཟླ་10པར་སྐྱེས། བོད་ལྗོངས་གཞིས་རྩེའི་མི། བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཁོང་ལོ་མང་རིང་མཚོ་བོད་ས་མཐོར་སྐྱེ་ཁམས་སྣ་མང་རང་བཞིན་སྲུང་སྐྱོང་དང་ཁོར་ཡུག་ཧ་ཅང་ཞན་པའི་སྐྱེ་དངོས་ཀྱི་འཕྲོད་ཤུགས་དང་འཕེལ་འགྱུར་ཞིབ་འཇུག་གི་ལས་ལ་གཞོལ། དེ་སྔ་སྐྱེ་དངོས་རིག་པ་བ་རྒན་ཀྲུང་ཡང་གི་ཞིབ་འཇུག་དཔུང་ཁག་ལ་ཞུགས་ནས། ས་མཐོའི་སྐྱེ་དངོས་ཀྱི་ས་བོན་འཚོལ་བསྡུའི་ལས་ལ་ཞུགས་ཤིང་། 2022ལོར་བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་གྱི་བྱ་དགའ་ཨང་དང་པོ་ཐོབ། 

    ལོ་ངོ་སུམ་ཅུའི་སློབ་གསོའི་བྱ་གཞག་ཁྲོད། ཁོང་གིས་སློབ་ཁྲིད་ཀྱི་འཐབ་ས་མདུན་མ་བརྟན་པོར་སྲུང་ནས། ཤེས་རམས་པ་དང་འབུམ་རམས་པ་བཅུ་གྲངས་གསོ་སྐྱོང་བྱས་པ་དང་།  ཁོང་གི་སྣེ་ཁྲིད་འོག་ཚན་རིག་ཞིབ་འཇུག་གི་སྟེགས་བུ་མང་དག་ཅིག་བསྐྲུན་ཏེ།  ས་མཐོའི་སྐྱེ་ཁམས་རིག་ཚན་རྒྱུན་མཐུད་ངང་འཛུགས་སྐྲུན་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།  ཁོང་ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་དགེ་རྒན་ཕུལ་བྱུང་དང་། རྒྱལ་ཡོངས་ཀྱི་གུང་ཁྲན་ཏང་ཡོན་ཕུལ་བྱུང་གི་མཚན་སྙན་ཐོབ་ཡོད། 

    བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལྷག་ཆུང་ལགས་མཚོ་བོད་ས་མཐོར་རྩ་བ་ཚུགས་ནས། ལོ་ངོ་སུམ་ཅུའི་རིང་ས་མཐོའི་སྐྱེ་ཁམས་ཞིབ་འཇུག་གི་ལས་ཀར་ཞུགས་ཏེ། སྐྱེ་ཁམས་སྣ་མང་རང་བཞིན་སྲུང་སྐྱོང་དང་ཁོར་ཡུག་ཧ་ཅང་ཞན་པའི་སྐྱེ་དངོས་ཀྱི་འཕྲོད་ཤུགས་དང་འཕེལ་འགྱུར་ཞིབ་འཇུག་གི་ལས་ལ་གཞོལ། དེ་མིན། ཁོང་གིས་ཧྥུའུ་ཏན་སློབ་གྲྭ་ཆེན་མོའི་སྐྱེ་དངོས་རིག་པ་བ་རྒན་ཀྲུང་ཡང་འདས་པོའི་རེ་འདུན་བཞིན།  བོད་ཀྱི་ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དང་མཐོ་སློབ་ཀྱི་རིག་ཚན་འཛུགས་སྐྲུན་དོ་གནད་དུ་འཛིན་ནས། ཧྥུའུ་ཏན་སློབ་གྲྭ་ཆེན་མོ་དང་མཉམ་ལས་བརྒྱུད་གཞོན་སྐྱེས་མཁས་དབང་ཚོར་ལས་སྟེགས་བསྐྲུན་ཏེ།  ས་མཐོའི་སྐྱེ་ཁམས་ཞིབ་འཇུག་གཅིག་རྒྱུན་གཅིག་འཛིན་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། 

    ལྷག་ཆུང་ལགས་ཇི་ལྟར་བྱས་ནས་རིག་གཞུང་གི་ལམ་བུའི་སྟེང་བསྐྱོད་འགོ་ཚུགས་པ་དང་། ཡང་གང་འདྲ་བྱས་ནས་ཚན་རིག་ཞིབ་འཇུག་ལས་དོན་པ་ཞིག་ཏུ་གྱུར་བ། ཁོང་གི་ལས་ཀར་རིན་ཐང་དང་དོན་སྙིང་ག་རེ་ལྡན་ཡོད་མིན་སྐོར་གསར་འགོད་པས་ཁོང་ལ་བཅར་འདྲི་ཞུས་པ་གཤམ་གསལ་ལྟར།  

    “རང་ཉིད་བྱིས་དུས་ཕྱི་རོལ་དུ་རི་མཐོའི་རྩི་ཤིང་མཐོང་སྐབས་ཀྱི་རྣམ་པ་དེ་རྟག་ཏུ་བློ་ངོར་འཆར་གྱི་འདུག”

    དྲི་བ།  ཁྱེད་རང་བོད་དུ་འཚར་ལོངས་བྱུང་བར་བརྟེན་འབྲེལ་ཡོད་ཞིབ་འཇུག་གདམ་ག་བྱ་རྒྱུར་ས་མཐོའི་དམིགས་བསལ་གྱི་སྐྱེ་ཁམས་ཁོར་ཡུག་གིས་ཐད་ཀའི་མཐུན་རྐྱེན་བསྐྲུན་ཡོད་དམ། ཞིབ་ཕྲའི་གནས་ཚུལ་གང་དག་ལས་ཁྱེད་རང་ཁྱབ་ཁོངས་འདིར་ཞུགས་རྒྱུའི་སེམས་ཐག་བཅད་པ་ཡིན་ནམ།   

    ལན།  མཐོ་རྒྱུགས་རྗེས་ངས་ལྷོ་ནུབ་དགེ་འོས་སློབ་ཆེན(ད་ལྟའི་ལྷོ་ནུབ་སློབ་ཆེན)གྱི་སྐྱེ་དངོས་རིག་པའི་དགེ་རྒན་གྱི་ཆེད་ལས་ལ་མིང་ཐོ་བཀོད་པ་ཡིན།  སློབ་མཐར་ཕྱིན་རྗེས་ང་རང་བོད་ལྗོངས་སློབ་ཆེན་དུ་སྐྱེ་དངོས་རིག་པའི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ལས་ཀར་བགོ་བཤའ་བྱུང་ནས་ད་བར་དུ་ལོ་ངོ་སུམ་ཅུ་ཙམ་ཕྱིན།   སྐྱེ་དངོས་རིག་པའི་ཞིབ་འཇུག་ཁྱབ་ཁོངས་རྒྱ་ཆེ་མོད།  འོན་ཀྱང་དེའི་ནང་སོ་སོས་དགའ་བའི་ཁ་ཕྱོགས་ཏེ་ས་མཐོའི་རྩི་ཤིང་གི་སྣ་མང་རང་བཞིན་ལ་ཞིབ་འཇུག་བྱ་རྒྱུའི་བློ་སྐྱེས་བྱུང་།  

    འདི་ང་མི་སྒེར་གྱི་བསྐྱོད་མྱོང་བའི་ལམ་བུ་དང་འབྲེལ་བ་དམ་ཟབ་ཡོད་དེ།   ང་ཆུང་དུས་རྟག་ཏུ་རིར་འཛེགས་ནས་ཤིང་གཅོད་ཀྱི་ཡོད།  སྐབས་དེར་རྩི་ཤིང་རིག་པ་སྦྱངས་མྱོང་མེད་པར་བརྟེན་དེ་ཚོའི་སྐོར་གྱི་ཚན་རིག་གི་གསང་བ་ཤེས་ཀྱི་མེད།  འོན་ཀྱང་རི་སྟེང་གི་རྩི་ཤིང་ལ་བག་ཆགས་ཟབ་མོ་ཡོད།   དེས་ན་ཕྱིས་སུ་བོད་ལྗོངས་སློབ་ཆེན་གྱིས་སྐྱེ་དངོས་རིག་པའི་རིག་ཚན་ཞིབ་བགོས་བྱ་སྐབས་ངས་རྩི་ཤིང་རིག་པའི་ཁ་ཕྱོགས་བདམས་པ་ཡིན།   

    ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་སྐབས་ངའི་ཞིབ་འཇུག་བྱ་གཞི་སྔར་རྒྱུན་བཞིན་བོད་དང་འབྲེལ་བ་ཡོད་དེ།  གཙོ་བོ་ས་བབ་མཐོ་བའི་རྩི་ཤིང་སྣ་མང་ཅན་གྱི་ཁྱབ་ཚུལ་དང་།   ལྷག་པར་དུ་ས་བབ་མཐོ་ཚད་མི་འདྲ་བའི་རྩི་ཤིང་སྣ་མང་ཅན་གྲུབ་ཚུལ་གྱི་འགྱུར་བ། དེ་ལས་བྱུང་བའི་སྐྱེ་ཁམས་རྐྱེན་ཆའི་ནང་ཁུལ་གྱི་འབྲེལ་བ་བཅས་ནི་ངའི་ཤེས་རམས་པའི་དཔྱད་རྩོམ་གྱི་ནང་དོན་གཙོ་བོ་ཡིན།  ཞིབ་འཇུག་བྱ་གཞི་འདིར་ཞིབ་འཇུག་བྱ་སྐབས། རང་ཉིད་བྱིས་དུས་ཕྱི་རོལ་དུ་རི་མཐོའི་རྩི་ཤིང་མཐོང་སྐབས་ཀྱི་རྣམ་པ་དེ་རྟག་ཏུ་བློ་ངོར་འཆར་གྱི་འདུག

    གཅིག་བྱས་ན་མི་ཚེའི་བགྲོད་ལམ་སྣང་བ་མེད་པའི་ངང་གཏན་འཁེལ་ནས་འབྱུང་འགྱུར་གྱི་ཁ་ཕྱོགས་ལ་ཤུགས་རྐྱེན་ཐེབས་པ་འདྲ།   

    དྲི་བ།  དགེ་རྒན་ཆེ་མོ་བ་ཀྲུང་ཡང་གིས་གསོ་སྐྱོང་བྱས་པའི་འབུམ་རམས་པ་ཞིག་ཡིན་པའི་ངོས་ནས། ཁོང་གི“ས་བོན་གྱི་སྙིང་སྟོབས”ལས་ཁྱེད་རང་གི་རིག་གཞུང་འདུ་ཤེས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་སམ།   

    ལན།  ཁོང་གི“ས་བོན་གྱི་སྙིང་སྟོབས”ལས་རང་ཉིད་ཀྱི་རིག་གཞུང་ཞིབ་འཇུག་ལ་ཤེས་རྟོགས་གསར་པ་བྱུང་ལ། དགེ་རྒན་ཆེ་མོ་བ་ཀྲུང་ཡང་གིས་ངའི་མི་ཚེ་ཧྲིལ་པོར་ཤུགས་རྐྱེན་ཆེན་པོ་ཐེབས་བྱུང་། 

    ངས་ངེས་གསལ་ལ་རྒན་ཀྲུང་ལགས་ཐོག་མར་ངོ་ཤེས་སྐབས། ཁོང་གིས“རིག་གཞུང་ཞིབ་འཇུག་ལ་ཤེས་རམས་པའི་སློབ་གནས་ཀྱིས་འདང་གི་མ་རེད། རང་ངའི་སར་འབུམ་རམས་པའི་སློབ་གནས་ཤིག་སྦྱངས་འདོད་ཡོད་དམ ” ཞེས་སྐུལ་མ་གནང་། སྐབས་དེ་དུས། རྒན་ཀྲུང་ལགས་ཀྱི་བློ་གྲོས་དང་རང་རྟོན། མཁྱེན་རྒྱ་ཡངས་པ། བསྟན་བཤིག་ཚ་བ་བཅས་ལས་ངར་བག་ཆགས་ཟབ་མོ་བཞག་བྱུང་། དེ་བས་ཁོང་གི་ཐོག་མའི་བསམ་འདུན་གྱིས་ངར་སེམས་འགུལ་ཆེན་པོ་ཐེབས་བྱུང་། 

    རྒན་ཀྲུང་ལགས་བོད་ལ་ཡོང་རྒྱུའི་གདམ་ག་བྱེད་དོན་ནི།  མཚོ་བོད་ས་མཐོར་འཛམ་གླིང་ཐོག་ཆེས་ཕུན་སུམ་ཚོགས་པའི་རི་མཐོའི་རྩེ་ཤིང་གི་ཐོན་ཁུངས་ཡོད་མོད། འོན་ཀྱང་འཛམ་གླིང་ཐོག་གི་སོན་རྒྱུའི་ཐོན་ཁུངས་བང་མཛོད་ཆེ་ཤོས་ཁྲོད་རྩི་ཤིང་དེ་དག་གི་ས་བོན་མེད། དེས་ན། ཁོང་གིས་ངེས་པར་དུ་སྟོང་ཆ་དེ་སྐོང་དགོས་པར་བསམ། 

    རྒན་ཀྲུང་ལགས་བོད་དུ་ཡོང་རེ་བཞིན་ལ་དུག་ཤུགས་ཆེན་པོ་ཕོག་གི་ཡོད། ཁོང་དེ་སྔ་ཉིན་བཅུ་གྲངས་བསྟུད་མར་གྲོད་པ་བཤལ་སོང་། འོན་ཀྱང་སྔར་བཞིན་ང་ཚོ་ཕྱི་རོལ་གྱི་དཔེ་སྒྲུག་ལ་འཁྲིད་རྒྱུར་རྒྱུན་འཁྱོངས་གནང་། ཁོང་ལ་ད་དུང་ཁྲག་ཤེད་མཐོ་བ་དང་།  གྲུམ་བུ། སྙིང་ཤ་རྒྱགས་ཆེ་བ་སོགས་ཀྱི་ནད་ཡོད་ཀྱང་ལོ་བཅུ་དྲུག་རྒྱུན་འཁྱོངས་པ་ནི་མི་དཀྱུས་མའི་ངོས་ནས་བཤད་ན་བསམ་ཡུལ་ལས་འདས་པ་ཞིག་རེད།   

    རྒན་ཀྲུང་ལགས་ཀྱི་སྙིང་སྟོབས་ཀྱིས་ང་ལ་སེམས་འགུལ་དང་ཤུགས་རྐྱེན་ཆེན་པོ་ཐེབས་བྱུང་ལ། དེ་བས་ཁོང་གི་སློབ་མར་གྱུར་ནས་ཆེད་ལས་ཀྱི་མཛུབ་ཁྲིད་ཐོབ་པ་ཙམ་མ་ཟད། བསམ་བློའི་ཐད་ལའང་སྐུལ་ལྕག་ཆེན་པོ་ཐེབས་བྱུང་།   

    “ལས་ཀར་དཀའ་ངལ་ཇི་ལྟར་ཡོད་རུང་དེ་དག་སྒྲུབ་མཁན་ཞིག་ཡོད་དགོས”

           མཚོ་བོད་ས་མཐོར་སྐྱེ་ཁམས་ཞིབ་འཇུག་བྱེད་པར་རྒྱུན་རིང་ཁོར་ཡུག་ཧ་ཅང་ངན་པོར་གདོང་ཐུག་དགོས། ཁྱེད་རང་ལ་དཀའ་ངལ་གང་དག་འཕྲད་མྱོང་ཡོད་དམ། དེ་དག་ཇི་ལྟར་ཁྱད་དུ་བསད་པ་ཡིན་ནམ། 

    ལན།  ཕྱི་རོལ་དུ་ཚན་རིག་རྟོག་ཞིབ་ལས་ཀ་བྱ་རྒྱུ་ནི་དཀའ་ཚེགས་ཆེ་ལ་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད།   འོན་ཀྱང་ལས་ཀར་དཀའ་ངལ་ཇི་ལྟར་ཡོད་རུང་དེ་དག་སྒྲུབ་མཁན་ཞིག་ཡོད་དགོས།   

    ཐེངས་ཤིག  ང་རང་རྒན་ཀྲུང་ལགས་དང་མཉམ་དུ་ཇོ་མོ་གླང་མའི་ཁུལ་དུ་རི་མཐོའི་རྩི་ཤིང་འཚོལ་བསྡུ་བྱེད་པར་འགྲོ་སྐབས།  རྒན་ཀྲུང་ལགས་ལ་དུག་ཚབས་ཆེན་ཕོག་ནས།  མགོ་ན་བ་དང་།  དབུགས་འབྱིན་རྔུབ་དཀའ་བ།  ལུས་པོ་ཡོངས་ལ་ཤུགས་མེད་པར་གྱུར།   ང་ཚོས་ཁོང་སྦྲ་གུར་ནང་ངལ་གསོ་བརྒྱབ་དགོས་རྒྱུའི་གྲོས་འགོ་སྟོན།  འོན་ཀྱང་ཁོང་གིས“ངས་རྩི་ཤིང་གི་གནས་ཚུལ་གསལ་ཤོས་ཤེས་པས།  ང་མ་ཕྱིན་ན་ཁྱེད་ཚོར་དེ་བས་རྙེད་དཀའ”ཞེས་གསུངས།  མཐར་རྒན་ཀྲུང་ལགས་ཀྱིས་ང་ཚོ་ཁྲིད་ནས་ཇོ་མོ་གླང་མའི་བྱང་ངོས་ནས་ས་བབ་མཐོ་ཤོས་སུ་སྐྱེ་འཚར་ཐུབ་པའི་རྩི་ཤིང་གི་ས་བོན་ཏེ་ཀོན་པ་གབ་ཆུང་འཚོལ་བསྡུ་ཐུབ་པ་རེད།   

    འོན་ཀྱང་ཕྱི་རོལ་དུ་དཔེ་སྒྲུག་ལ་འགྲོ་ཐེངས་ཚང་མར་གྲུབ་འབྲས་ཐོབ་མི་སྲིད།  ཐེངས་གཅིག་ང་དང་རོགས་པ་གཉིས་ཕྱི་རོལ་ལ་རྐང་ཐང་དུ་ཉིན་བཅུ་ལྷག་ཙམ་བསྐྱོད་དེ་ས་བབ་མཐོ་ཚད་སྨི་5000ཡན་ཡོད་པའི་ས་ཁུལ་དུ་དཔེ་སྒྲུག་བྱེད་འགོ་ཚུགས་པ་ཡིན། གནས་འདི་ནི་རྩི་ཤིང་ག་གེ་མོ་ཞིག་འཚོ་གནས་ལ་འཚམ་པའི་ཁོར་ཡུག་ཡིན་པ་ང་ཚོས་གསལ་པོར་གཏན་འཁེལ་ཐུབ། འོན་ཀྱང་ཐོག་མཐའ་བར་གསུམ་དུ་འབྲེལ་ཡོད་ཀྱི་མ་དཔེ་རྙེད་མ་བྱུང་།   

    ཕྱི་རོལ་གྱི་ཚན་རིག་རྟོག་ཞིབ་གྱི་ཡིད་དབང་འཕྲོག་ཤུགས་གཙོ་བོ་ཡང་དེ་ཡིན།  གང་སར་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཡོད་དེ།  བསམ་ཡུལ་ལས་འདས་པའི་གྲུབ་འབྲས་ཡོད་ལ་བསམ་ཡུལ་ལས་འདས་པའི་བློ་ཕམ་ཡང་ཡོང་སྲིད། 

    དྲི་བ།  ཉེ་དུས་ཁྱེད་ལ་ཐོབ་པའི་ཚན་ཞིབ་གྲུབ་འབྲས་འགའ་དང་ཟུང་འབྲེལ་བྱས་ནས། ས་མཐོའི་སྐྱེ་ཁམས་ཞིབ་འཇུག་ཁྲོད་ཞིབ་འཇུག་བྱེད་ཐབས་གསར་པ་བཀོལ་སྤྱོད་ཇི་ལྟར་བྱེད་པའི་སྐོར་གླེང་ན་འགྲིག་གམ།   

    ལན།  མིག་སྔར།  ངའི་ལས་ཀ་གཙོ་བོ་ནི་མཚོ་བོད་ས་མཐོའི་རྩི་ཤིང་གི་སྣ་མང་རང་བཞིན་དང་དཔེ་མཚོན་སྐྱེ་དངོས་རིགས་དང་འཚམ་པའི་ལམ་སྲོལ་ལ་དམིགས་བཞིན་ཡོད། ང་དང་ཀྲུང་གོ་ཚན་རིག་ཁང་ཁུན་མིང་རྩི་ཤིང་ཞིབ་འཇུག་ཁང་གི་ཞིབ་འཇུག་དཔུང་ཁག་གིས་རྩེ་ཤིང་སོག་ཀ་མ་དཔེར་བྱས་ནས། ས་བབ་མཐོ་བའི་ཧ་ཅང་ཞན་པའི་ཁོར་ཡུག་ནང་རྩི་ཤིང་གི་འཕྲོད་མཐུན་རང་བཞིན་འཕེལ་འགྱུར་ཐད་ཞིབ་འཇུག་བྱས་པ་ཡིན།   ང་ཚོས་གཞི་རྒྱུའི་རིམ་ངོས་ལ་ཞིབ་འཇུག་བྱས་པ་བརྒྱུད་མཚོ་བོད་ས་མཐོའི་རྩི་ཤིང་གི་མཐུན་འཕྲོད་ལམ་སྲོལ་གྱི་ཁྱད་ཆོས་ཤེས་རྟོགས་བྱུང་སྟེ།  མཚོ་བོད་ས་མཐོའི་རྩི་ཤིང་ཧ་ཅང་ཞན་པའི་ཁོར་ཡུག་ནང་མཐུན་འཕྲོད་ཀྱི་འདུས་རྡུལ་ལམ་སྲོལ་ལ་སྔར་བས་ཞིབ་འཇུག་བྱ་རྒྱུར་ཁུངས་སྣེ་གསར་པ་མཁོ་འདོན་བྱས་ཡོད། རྩེ་ཤིང་སོག་ཀ་ནི་ས་མཐོའི་རྩི་ཤིང་ཁྲི་སྟོང་མང་པོའི་རིགས་ཤིག་ཡིན་མོད།  འོན་ཀྱང་ང་ཚོས་གཅིག་ཤེས་ཀུན་གྲོལ་ངང་དེའི་ཁྲོད་ནས་དེ་བས་མང་བའི་ས་མཐོའི་རྩི་ཤིང་གི་འཕེལ་འགྱུར་ཁྱད་ཆོས་རིགས་འདེད་བྱ་ཐུབ།   

    ཞིབ་འཇུག་བྱ་ཐབས་དེ་རིགས་ཀྱི་དགེ་མཚན་ནི། ང་ཚོས་འདུས་རྡུལ་ལམ་གཞི་རྒྱུའི་མཐོང་སྣེ་ལས་ས་མཐོའི་རྩི་ཤིང་གི་ཁྱད་ཆོས་ལ་ངོས་འཛིན་གསར་པ་ཞིག་ཆགས་པ་དེ་ཡིན།  གོ་བདེ་ཙམ་བཤད་ན།  རྩི་ཤིང་གི་ཁྱད་ཆོས་ཤེས་པ་མ་ཟད་དེའི་གནས་ལུགས་རྒྱུ་མཚན་ཡང་ཤེས་པས།  ང་ཚོའི་ངོས་འཛིན་སྔར་བས་གསལ་དུ་འགྲོ་བཞིན་ཡོད།   

    དྲི་བ།  ཞིབ་འཇུག་འདི་རིགས་ལ་རིན་ཐང་ཅི་ཞིག་ལྡན་ཡོད་དམ།   དེས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་ཇི་ལྟར་གཏོང་ཐུབ་བམ།   

    ལན།  མིག་སྔར།  ང་ཚོས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོབ་བྱ་ཐབས་ནི་རྟག་ཏུ་ས་ཆ་ཡུག་ཅིག་བསྐོར་ནས་སྲོག་ཆགས་དང་རྩི་ཤིང་རང་བྱུང་ངང་སྐྱེ་འཚར་ཡོང་བ་བྱས་ཏེ།  ཁྱུ་ཚོགས་ཀྱི་གྲངས་འབོར་རིམ་བཞིན་སླར་གསོ་ཡོང་བ་བྱ་རྒྱུ་དེ་རེད། གལ་ཏེ་སྐྱེ་དངོས་རིགས་སྟོངས་ཉེར་འགྲོ་བའི་རྒྱུ་རྐྱེན་ནི་གོ་ལ་ཧྲིལ་པོ་དྲོ་རུ་འགྲོ་བ་སོགས་ཀྱི་གཞི་ཆེའི་རྒྱུ་རྐྱེན་ཡིན་ཚེ།  སྲུང་སྐྱོབ་དེ་རིགས་ཀྱི་ལས་ཕྱོད་ཅུང་དམའ་ཙམ་ཡིན།   

    འདུས་རྡུལ་དང་གཞི་རྒྱུའི་རིམ་ངོས་ནས་སྐྱེ་ཁམས་རིག་པར་ཞིབ་འཇུག་བྱས་ཚེ། ང་ཚོས་དེ་བས་ཡང་དག་པའི་སྒོ་ནས་སྐྱེ་དངོས་རིགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་ཕན་པ་དང་། ལྷག་པར་དུ་སྐྱེ་དངོས་རིགས་ཁག་ཅིག་སྟོངས་ཉེར་གྱུར་པའི་རྒྱུ་རྐྱེན་ལ་རྒྱུས་ལོན་བྱ་ཐུབ། དེས་ན་ང་ཚོས་སྔར་བས་ཐེ་ཞུགས་གནད་སྨིན་བྱས་ཏེ།  དམིགས་འབེན་ཡོད་པའི་སྒོ་ནས་སྲུང་སྐྱོབ་ལས་དོན་སྤེལ་ཐུབ།   

    “ང་ཚོས་གཞོན་ནུ་འཚར་ལོངས་ཡོང་བར་གར་སྟེགས་དེ་བས་ཆེ་བ་མཁོ་འདོན་བྱ་དགོས”

    དྲི་བ།  ཁྱེད་རང་གི་ངོས་ནས་བརྗོད་ན། ས་གནས་དེ་གའི་སྐྱེ་ཁམས་ཞིབ་འཇུག་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དེས་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་དོན་སྙིང་ཅི་ཞིག་ཡོད་དམ།   

    ལན།  བོད་ཀྱི་ཆ་རྐྱེན་དཀའ་ཚེགས་ཆེ་ཞིང་།  ཞིབ་འཇུག་པས་སྐྱེ་ཁམས་ཞིབ་འཇུག་བྱ་སྐབས་ཡུན་རིང་ས་བབ་མཐོ་སའི་ཕྱི་རོལ་དུ་ལས་ཀ་བྱེད་དགོས་པར་ལུས་ཁམས་དང་ཟུངས་ནུས་ཐད་བླང་བྱ་དེ་བས་མཐོ་བ་ཡོད་པས།  ས་གནས་དེ་གའི་ཤེས་ལྡན་པས་ཕྱི་རོལ་དུ་ཚན་ཞིབ་ལས་དོན་སྤེལ་བར་ལེགས་ཆ་ངེས་ཅན་ལྡན་ཡོད།   

    རྒན་ཀྲུང་ལགས་བོད་དུ་སླེབས་རྗེས། དེ་གའི་ཚན་རིག་ཞིབ་འཇུག་གི་རྨང་གཞི་ཧ་ཅང་ཞན་པོ་ཡོད་པ་ཤེས།  སྐབས་དེའི་བོད་ལྗོངས་སློབ་ཆེན་གྱི་སྐྱེ་ཁམས་རིག་པའི་རིག་ཚན་ནི“མེད་པ་གསུམ”ཡིན་ཞེས་བཤད་ཆོག་སྟེ།  རིག་ཚན་ལ་དགེ་རྒན་ཆེ་མོ་བ་མེད་པ་དང་།  སློབ་ཁྲིད་ཚན་ཞིབ་ཚོགས་པར་འབུམ་རམས་པ་མེད་པ།  ཞིབ་འཇུག་བྱ་གཞི་རེ་ཞུ་བྱེད་པར་རྨང་གཞི་མེད་པ་བཅས་རེད།   དེར་བརྟེན། རྒན་ཀྲུང་ལགས་ཀྱིས་ཤེས་ལྡན་པ་གསོ་སྐྱོང་ལ་སེམས་ནུས་ཡོད་རྒུ་བཏོན་ནས། བོད་ལྗོངས་སློབ་ཆེན་གྱི་སྣེ་ཁྲིད་དེ“ཨང་དང་པོ་”མང་དག་ཅིག་བཏོད་ཡོད་དེ། བོད་ལ་རོགས་རམ་བྱས་ནས་རང་བྱུང་རིག་པའི་འབུམ་རམས་པའི་སློབ་གནས་དང་པོ་རེ་ཞུ་བྱས་པ་དང་། བོད་ཀྱི་རྩི་ཤིང་རིག་པའི་འབུམ་རམས་པ་དང་པོ་གསོ་སྐྱོང་བྱས་པ།  བོད་ཀྱི་སྐྱེ་དངོས་རིག་པའི་སློབ་གསོ་པུའི་གསར་གཏོད་དཔུང་ཁག་དང་པོ་སྐྱེད་སྲིང་བཅས་བྱས་པས། བོད་ལྗོངས་སློབ་ཆེན་གྱི་སྐྱེ་ཁམས་རིག་པའི་རིག་ཚན“རྩེ་གྲས་གཉིས”ཀྱི་རིག་ཚན་འཛུགས་གཏོད་མིང་ཐོའི་ནང་ཚུད་དེ། བོད་ཀྱི་མཐོ་རིམ་སློབ་གསོའི་སྟོང་ཆ་རབ་དང་རིམ་པ་བསྐངས་ཡོད་པ་རེད།   

    གལ་ཏེ་རྒན་ཀྲུང་ལགས་ཀྱིས་ས་བོན་སྐོར་གྱི་ཞིབ་འཇུག་བྱས་པ་དེ་སྐྱེ་ཁམས་ཤེས་དཔལ་རྒྱུན་འཛིན་བྱས་པ་ཞིག་རེད་ཅེས་བརྗོད་ན།  ཁོང་གིས་བོད་ལྗོངས་སློབ་ཆེན་དུ་རྩེར་སོན་ཤེས་ལྡན་པ་གསོ་སྐྱོང་བྱས་པ་དེ་ནི་ས་གནས་དེ་གའི་སྐྱེ་ཁམས་རིག་པའི་རིག་ཚན་རྒྱུན་འཛིན་བྱས་པ་ཞིག་རེད།   

    ད་ཆ་ང་ཚོས་གཞོན་ནུ་འཚར་ལོངས་ཡོང་བར་གར་སྟེགས་དེ་བས་ཆེ་བ་མཁོ་འདོན་བྱ་བཞིན་ཡོད།   ད་ལོའི་དབྱར་ཁར་ཧྥུའུ་ཏན་སློབ་ཆེན་ཚེ་སྲོག་ཚན་རིག་སློབ་གླིང་གི་སློབ་མ་བོད་དུ་ཡོང་ནས་ཕྱི་རོལ་ཚན་ཞིབ་བྱས་པ་དང་། ཁོ་ཚོའི་རིག་གཞུང་སྤྲོ་སྣང་གསོ་སྐྱོང་བྱས་པ་བརྒྱུད་འབྱུང་འགྱུར་མི་དེ་ལས་མང་བ་ས་མཐོའི་སྐྱེ་ཁམས་ཞིབ་འཇུག་ནང་ཞུགས་ཐུབ་ཀྱང་སྲིད།   

    ངའི་སློབ་མ་ཡང་རིམ་བཞིན་འཚར་ལོངས་བྱུང་ནས་ཁ་ཤས་ཁེར་རྐྱང་དུ་ཚན་རིག་ཞིབ་འཇུག་བྱ་གཞི་འགན་ལེན་ཐུབ་པ་དང་། ཁོ་ཚོས་ཕྱི་རོལ་གྱི་ཚན་རིག་ལྟ་ཞིབ་ཚད་ལེན་གྱི་ཞིབ་འཇུག་ས་ཚིགས་འཛུགས་སྐྲུན་ནང་ཞུགས་ནས། ས་མཐོའི་སྐྱེ་ཁམས་ཞིབ་འཇུག་ལ་གྲངས་གཞི་དེ་བས་མང་བ་གསོག་འཇོག་བྱེད་བཞིན་ཡོད་པ་རེད།   

    དྲི་བ།  གྲངས་གཞིའི་སྐོར་གླེང་སྐབས། ཁྱེད་ཀྱིས་ཐོག་མཐའ་བར་གསུམ་དུ་གྲངས་གཞི་ནི་རྨང་གཞིའི་རང་བཞིན་གྱི་ལས་ཀ་ཞིག་ཡིན་ཞེས་ནན་བཤད་བྱེད་ཀྱི་ཡོད།  དེས་ན་འདིའི་ཐད་ཀྱི་ལས་ཀའི་འཕེལ་རིམ་སྐོར་ཞིག་གླེང་ན་འགྲིག་གམ།   

    ལན།  2022ལོའི་ཟླ་7ཚེས་21ཉིན། བོད་ལྗོངས་ཡར་ཉང་འདམ་རའི་སྐྱེ་ཁམས་མ་ལག་རྒྱལ་ཁབ་ངེས་གནས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་དངོས་སུ་སྒོ་བྱང་བཀལ་ནས། ཡར་ཉང་འདམ་ར་ཚན་རིག་དང་མཐུན་པར་སྲུང་སྐྱོང་དང་།  ལུགས་མཐུན་བེད་སྤྱོད།  ཕྱོགས་ཡོངས་འཕེལ་རྒྱས་བཅས་ཀྱི་དུས་རིམ་གསར་པའི་འགོ་ཚུགས་ཡོད།   ཕྱི་རོལ་ས་ཚིགས་ཀྱི་འགན་འཁུར་བ་ཞིག་ཡིན་པའི་ངོས་ནས་ང་རང་ཧ་ལམ་ཟླ་རེར་ཉིང་ཁྲིར་ཐེངས་རེ་བསྐྱོད་དེ་འབྲེལ་ཡོད་ལས་དོན་སྤེལ་དགོས་ཀྱི་ཡོད།   

    འདི་ནི་ང་ཚོས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་བའི་ཚོད་ལྟ་ཞིག་རེད།  མཚོ་བོད་ས་མཐོ་ནི་ཡངས་ཤིང་རྒྱ་ཆེ་བས།  མ་གཞི་ང་ཚོས་ཕྱི་རོལ་ལྟ་ཞིབ་ཚད་ལེན་ས་ཚིགས་ཁག་ཅིག་བཙུགས་ཡོད་མོད།  འོན་ཀྱང་ས་མཐོའི་སྐྱེ་ཁམས་མ་ལག་ལ་མཚོན་ན།  འཚོལ་སྡུད་ཐུབ་པའི་གྲངས་གཞི་དེ་དག་ཐར་ཐོར་ཡིན་པ་མ་ཟད།  རྒྱུན་མཐུད་རང་བཞིན་ལའང་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད།  

    ང་ཚོས་རྟག་ཏུ་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་དར་ནི་ཐུན་མོང་ཚོགས་པ་ཞིག་ཡིན་ཞེས་བརྗོད་ཀྱི་ཡོད།  གལ་ཏེ་གཙོ་རྒྱུ་མང་པོར་ཕྱོགས་ཡོངས་ནས་ལྟ་ཞིབ་ཚད་ལེན་མ་བྱས་ན།  སྐྱེ་ཁམས་མ་ལག་ཧྲིལ་པོར་སྤྱི་ཡོངས་ནས་ཚན་རིག་དང་མཐུན་པའི་ངོས་འཛིན་བྱེད་དཀའ་བ་ཡིན།   

    ང་དང་བོད་ལྗོངས་སློབ་ཆེན་སྐྱེ་ཁམས་རིག་པའི་དཔུང་ཁག་ད་དུང་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གི་སྨི་ཏི་ཁ་ལྟ་ཞིབ་ཚད་ལེན་ས་ཚིགས་ཚུད་པའི་ལྟ་ཞིབ་ས་ཚིགས་རབ་དང་རིམ་པའི་འཛུགས་སྐྲུན་ལས་དོན་ནང་ཞུགས་ནས་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་བཏང་ཡོད། ས་ཚིགས་སྔར་ལས་མང་བ་བསྐྲུན་པ་དང་གྲངས་གཞི་དེ་བས་མང་བ་མཉམ་སྤྱོད་བྱས་པ་བརྒྱུད། ང་ཚོས་གྲངས་གཞི་དེ་བས་མང་བ་དང་།  དེ་བས་ཆ་ཚང་བ། དེ་བས་རྒྱུད་རིམ་ལྡན་པ་བཅས་བཞག་ནས།  མཚོ་བོད་ས་མཐོའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་འཛུགས་སྐྲུན་ལ་དེ་བས་སྲ་བརྟན་གྱི་ཚན་རིག་འདེགས་སྐྱོར་མཁོ་འདོན་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། 

     བདེ་སྐྱིད་བུ་ཁྲིད་ཀྱིས་སྒྱུར། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།