དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • གསར་འགྱུར་ཡིག་སྒྱུར་སྐབས་དོ་སྣང་བྱེད་དགོས་པའི་འགག་གནད་འགའ་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-25

    ཆ་འཕྲིན་འཕེལ་རྒྱས་ཆེས་མྱུར་བའི་དེང་གི་དུས་འདིར་གསར་འགྱུར་ཡིག་སྒྱུར་ནི་རྒྱ་བོད་མི་རིགས་དབར་དོན་རྣལ་མ་ཞིག་བརྒྱུད་སྤེལ་དང་ཕན་ཚུན་བསམ་ཤེས་དང་མཐུན་སྒྲིལ་གྱི་འབྲེལ་ཐག་གལ་ཆེན་ཞིག་རེད། རྒྱ་བོད་གསར་འགྱུར་ཡིག་སྒྱུར་སྐབས་སྐད་བརྡའི་མ་ལག་ལ་ཁྱད་པར་ཆེ་བ་དང་། རིག་གནས་ཀྱི་གཞི་རྟེན་གཅིག་མཚུངས་མ་ཡིན་པ། དེ་བཞིན་མི་རིགས་ས་ཁུལ་གྱི་དམིགས་བསལ་ཚོར་སྐྱེན་རང་བཞིན་བཅས་ལས་ཡིག་སྒྱུར་ནི་ཡིག་རིགས་གཉིས་ཕན་ཚུན་བརྗེ་སྒྱུར་གྱི་སྟབས་བདེའི་བྱ་བ་ཞིག་གཏན་ནས་མིན་པར། དེ་ནི་ཆེད་ལས་རང་བཞིན་དང་། རིག་གནས་ཀྱི་ཚོར་བ་སྐྱེན་པ། ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་ཟབ་པ་བཅས་ཀྱི་བརྒྱུད་སྤེལ་འདུ་འགོད་ཅིག་རེད། གཤམ་ལ་རང་ཉིད་ནས་རྒྱ་བོད་གསར་འགྱུར་ཡིག་སྒྱུར་གྱི་བརྒྱུད་རིམ་ནང་ངེས་པར་དུ་དོ་ནན་བྱེད་དགོས་པའི་འགག་གནད་འགའ་རགས་ཙམ་གླེང་བར་བྱ།

    དང་པོ། ཐ་སྙད་ཀྱི་ཡང་དག་རང་བཞིན་དང་གཅིག་མཐུན་རང་བཞིན་ལ་བརྩི་འཇོག་བྱེད་དགོས།

    གསར་འགྱུར་གྱི་འགག་གནད་གཙོ་བོ་ནི་དོན་དངོས་དང་ཡང་དག་པའི་གནས་ཚུལ་གཏོང་སྤེལ་བྱ་རྒྱུ་དེ་ཡིན་ཞིང་། ཐ་སྙད་ནི་དོན་དངོས་སྒྲུབ་པའི་རྨང་གཞི་ཡིན། རྒྱ་བོད་ཡིག་སྒྱུར་སྐབས་ཆབ་སྲིད་དང་། བཅའ་ཁྲིམས། ཆོས་ལུགས། ལོ་རྒྱུས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་ཐ་སྙད་འབོར་ཆེན་ཞིག་འཕྲད་སྲིད་པས་དེའི་ཡང་དག་རང་བཞིན་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད།

    གཅིག ཆབ་སྲིད་དང་བཅའ་ཁྲིམས་ཀྱི་ཐ་སྙད་ལ་མཚོན་ན། རྒྱལ་ཁབ་ཀྱི་བདག་དབང་དང་། སྲིད་འཛིན་ས་ཁོངས་ཏེ་དཔེར་ན། “自治区”(རང་སྐྱོང་ལྗོངས)དང་། “自治州” (རང་སྐྱོང་ཁུལ)ལྟ་བུ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་གསལ་འགྲེལ་ཏེ་དཔེར་ན“民族团结”(མི་རིགས་མཐུན་སྒྲིལ)དང་། “铸牢中华民族共同体意识” (ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ)ལྟ་བུ་སོགས་ངེས་པར་དུ་གཞུང་ཕྱོགས་ཀྱི་ཐ་སྙད་གཅིག་གྱུར་གྱི་ཚད་གཞི་དང་སྒྱུར་ཐབས་ལ་བརྩི་སྲུང་ནན་པོ་ཞུས་ཏེ། བརྗོད་ཚིག་གནད་ལ་འཁེལ་བ་དང་། དབང་གྲགས་ལྡན་པ། གོ་འཛོལ་མི་ཡོང་བ་བཅས་ཡོང་བའི་འགན་ལེན་བྱེད་དགོས། ཡང་དཔེར་ན། “一国两制”(རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས)ཞེས་པ་དེ་བོད་སྐད་ནང་ངེས་པར་དུ་ཚད་ལྡན་དང་རྒྱ་ཁྱབ་ཏུ་དང་ལེན་བྱེད་པའི་གཏན་འཇགས་ཀྱི་སྒྱུར་ཐབས་སྤྱོད་དགོས།

    གཉིས། ཆོས་ལུགས་ཀྱི་ཐ་སྙད་ལ་མཚོན་ན། དཔེར་ན། “活佛”(སྤྲུལ་སྐུ) “金瓶掣签”(གསེར་བུམ་དཀྲུག་འདོན)ལྟ་བུ་དང་། དེ་མིན་ལོ་རྒྱུས་དོན་རྐྱེན་གྱི་མིང་སོགས་ལ་ངེས་པར་དུ་རིག་གཞུང་ལས་རིགས་དང་གཞུང་ཕྱོགས་ཀྱིས་ཁས་བླངས་པའི་སྒྱུར་ཐབས་སྤྱད་དེ། དམིགས་བསལ་གྱི་ཕྱོགས་ལྷུང་རང་བཞིན་ལྡན་པའི་ཐ་སྙད་གང་འདོད་དུ་གསར་གཏོད་བྱེད་མི་རུང་ཞིང་། ལོ་རྒྱུས་ཀྱི་དོན་དངོས་རང་བཞིན་དང་རིག་གནས་ཀྱི་གདེང་ཚོད་སྲུང་སྐྱོང་བྱེད་དགོས།

    གསུམ། ཚན་རྩལ་གྱི་ཐ་སྙད་ལ་མཚོན་ན། ཚན་རྩལ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཐ་སྙད་གསར་པ“人工智能”、“碳中和”ལ་སོགས་པ་ཆར་རྗེས་ཀྱི་སྨྱུག་རྩ་འབུས་པ་བཞིན་ཐོན་གྱི་ཡོད་པས། ང་ཚོས་སྔོན་ལ་རྒྱལ་ཁབ་བམ་ཡང་ན་དབང་གྲགས་ལྡན་པའི་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཚད་ལྡན་བཀས་བཅད་ཐ་སྙད་སྤྱོད་དགོས། གལ་ཏེ་ཐ་སྙད་བཀས་བཅད་མེད་ཚེ་སྐབས་བབ་ལ་བསྟུན་ནས་དོན་སྒྱུར་སམ་སྒྲ་སྒྱུར་ལ་མཆན་འགྲེལ་བསྣན་པའི་བྱ་ཐབས་གཟབ་ནན་གྱིས་སྤྱད་ནས་གོ་དོན་གསལ་པོར་བརྒྱུད་བསྒྲགས་བྱེད་དགོས་ལ། ད་དུང་བརྡ་ཆད་ཀྱི་མཛོད་བཙུགས་ནས་སྨྱན་སྦྱོར་ཚན་པའི་ནང་ཁུལ་དུ་ཐ་སྙད་གཅིག་གྱུར་ཡོང་བར་བྱེད་དགོས། དེ་ནི་གསར་འགྱུར་ཆ་འཕྲིན་གྱི་ཡང་དག་དང་། དབང་གྲགས། ཡིད་རྟོན་བཅས་ཀྱི་རང་བཞིན་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཀྱང་རེད།

    གཉིས་པ། རིག་གནས་ཀྱི་ནང་དོན་ལ་བསམ་གཞིག་བྱེད་དགོས།

    རྒྱ་བོད་རིག་གནས་ལ་ཆོས་ལུགས་ཀྱི་དད་མོས་དང་། རིན་ཐང་འདུ་ཤེས། འཚོ་བ་སྐྱེལ་སྟངས། གོམས་སྲོལ་གོམས་གཤིས་སོགས་ཀྱི་ཐད་ཁྱད་པར་མངོན་གསལ་དོད་པོ་ཡོད་པས། གསར་འགྱུར་ཡིག་སྒྱུར་ནི་སྐད་ཡིག་སྤེལ་རེས་ཤིག་ཡིན་པ་མ་ཟད། རིག་གནས་བརྒྱུད་སྤེལ་ཞིག་དེ་བས་ཀྱང་རེད།

    རིག་གནས་ཐད་གོ་འཛོལ་དང་འགལ་ཟླ་མི་ཡོང་བར་བྱེད་དགོས་པ་སྟེ། དཔེར་ན། བོད་རིགས་ཁོ་ན་ལ་དབང་བའི་རིག་གནས་ཀྱི་ཐ་སྙད་དང་ཡོ་ཆས་“唐卡”(ཐང་ག) “风马旗”(རླུང་རྟ)དེ་བཞིན་དུས་ཆེན་ཏེ“雪顿节”(ཞོ་སྟོན)ལྟ་བུ་རྒྱ་ཡིག་ལ་སྒྱུར་དུས། སྐབས་བསྟུན་གྱི་གསལ་འགྲེལ་རགས་བསྡུས་བྱས་ཏེ་ཆ་འཕྲིན་གྱི་ནང་དོན་གཙོ་བོ་་བརྒྱུད་སྤྲོད་ལ་འགན་ལེན་བྱེད་པ་དང་ཆབས་ཅིག རྒྱ་ཡིག་ཀློག་པ་པོས་དེའི་རིག་གནས་ཀྱི་དོན་སྙིང་ཤེས་རྟོགས་ཐུབ་པར་རོགས་རམ་བྱེད་དགོས། དེར་བརྟེན་ལོ་ཙཱ་བར་ངེས་པར་དུ་སྐད་གཉིས་ཀྱི་རིག་གནས་བྱང་ཚད་ཟབ་མོ་ལྡན་དགོས་པ་དང་། གསར་འགྱུར་དོན་དངོས་ལ་བློ་དཀར་བའི་རྨང་གཞིའི་སྟེང་། རིག་གནས་ཀྱི་འགྲེལ་བཤད་པ་དང་འདུམ་འགྲིག་པ་བྱས་ཏེ། རིག་གནས་ཀྱི་ཁྱད་པར་ལས་བྱུང་བའི་བརྒྱུད་སྤེལ་གྱི་འགོག་རྐྱེན་སེལ་དགོས།

    གསུམ་པ། ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་དང་ཁྲིད་སྟོན་གྱི་ཡང་དག་རང་བཞིན་བརྟན་པོ་སྲུང་དགོས།

    མི་རིགས་ས་ཁུལ་གྱི་གསར་འགྱུར་ལ་ཚད་མཐོའི་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་ལྡན་ཡོད་པས། གསར་འགྱུར་ལོ་ཙཱ་བས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་དོ་སྣང་བྱེད་དགོས།

    ཆབ་སྲིད་ཀྱི་ཞིབ་བརྗོད་ཐད་དོ་སྣང་བྱེད་དགོས་པ་སྟེ། དཔེར་ན་རྒྱལ་ཁབ་གཅིག་གྱུར་དང་། མངའ་ཁོངས་ཆ་ཚང་བ། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཀྱི་སྲིད་ཇུས། སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སོགས་དང་འབྲེལ་བ་ཡོད་པའི་ནང་དོན་སྒྱུར་སྐབས། ངེས་པར་དུ་མ་ཡིག་གི་ཆབ་སྲིད་ལངས་ཕྱོགས་དང་དགོངས་དོན་གྱི་ངོ་བོ་གནད་ལ་འཁེལ་པོས་བརྒྱུད་བསྒྲགས་བྱས་ཏེ། སྒྱུར་ཡིག་དེ་ཆབ་སྲིད་ཀྱི་ཐོག་ནས་མ་ཡིག་དང་ཚད་མཐོའི་གཅིག་མཐུན་ཡོང་བར་བྱེད་དགོས་པ་ལས་རབ་རིབ་དང་ནོར་འཛོལ་གཏན་ནས་ཤོར་མི་ཆོག་ལ། ད་དུང་གཞན་གྱིས་འཁྱོག་བཤད་དམ་བེད་སྤྱོད་བྱེད་སྲིད་པའི་ཐ་སྙད་ལས་ངེས་པར་དུ་མཐའ་གཅིག་ཏུ་གཡོལ་ཐབས་བྱེད་དགོས།

    བཞི་པ། བརྒྱུད་སྤེལ་གྱི་ཕན་འབྲས་ལ་དོ་སྣང་བྱེད་དགོས།

    གསར་འགྱུར་གྱི་བརྗོད་ཚིག་ཐད་ནུས་ཐོན་རང་བཞིན་དང་། ཁ་གསལ་རང་བཞིན། ཡིད་དབང་འགུག་ཤུགས་བཅས་ལ་སྣང་འཇོག་བྱེད་དགོས་པས། རྒྱ་བོད་གསར་འགྱུར་ཡིག་སྒྱུར་སྐབས་སྐད་རིགས་གཉིས་ཀྱི་ཁྱད་ཆོས་ལ་དམིགས་ནས་ཁྱབ་སྤེལ་གྱི་ཕན་འབྲས་ཡག་ཤོས་ཐོན་པའི་བརྩོན་ལེན་བྱེད་དགོས།

    གཅིག གསར་འགྱུར་གྱི་སྐད་ཆའི་འགྲོས་དང་བསྟུན་དགོས་ཏེ། སྒྱུར་ཡིག་ལའང་གསར་འགྱུར་གྱི་སྐད་ཆའི་ཁྱད་ཆོས་ལྡན་དགོས་པ་དང་། ཡིག་སྒྱུར་སྐབས་སུ་ཁ་སྐད་ཡུལ་སྐད་དང་གོ་དཀའ་བའི་ཐ་སྙད་ལས་གཡོལ་དགོས་ཤིང་། རྗོད་བྱེད་ཚིག་སྦྱོར་ཁ་གསལ་གོ་བདེ་དང་། གཏན་ཚིགས་རང་བཞིན་ལྡན་པ། གཙོ་གནད་འབུར་དུ་ཐོན་པ་བཅས་བྱེད་དགོས།

    གཉིས། ཆ་འཕྲིན་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་ཡིད་དབང་འགུག་ཤུགས་ཆེན་པོ་དགོས་ཏེ། ཆ་འཕྲིན་ཡང་དག་པའི་སྒོ་ནས་བརྒྱུད་བསྒྲགས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཀློག་པ་པོའི་གཏམ་བརྗོད་ཀྱི་གོམས་གཤིས་དང་གོ་བ་ལེན་ནུས་ལ་གཞིགས་ནས་མ་ཡིག་ལ་དགོས་ངེས་ཀྱི་ཚིག་གྲུབ་ལེགས་སྒྲིག་དང་ཆ་འཕྲིན་བསྐྱར་སྒྲིག་བྱས་ནས་སྒྱུར་ཡིག་གོ་བདེ་པོ་ཡོང་བ་བྱས་ཏེ། སྐད་ཆའི་སྒྲིག་གཞིའི་ཁྱད་པར་ལས་བྱུང་བའི་ལྟ་ཀློག་གི་འགོག་རྐྱེན་མི་ཡོང་བར་བྱེད་དགོས།

    གསུམ། ནུས་ཐོན་རང་བཞིན་ལ་བསྟུན་ཁར་སྤུས་ཚད་ལེགས་པོ་ཡོང་བར་དོ་སྣང་བྱེད་དགོས་པ་སྟེ། གསར་འགྱུར་ཡིག་སྒྱུར་བྱེད་སྐབས་དུས་རྒྱུན་དུ་དུས་ཚོད་ཛ་དྲག་པོ་ཡོད་གཤིས། ལོ་ཙཱ་བས་འགག་རྩའི་ཆ་འཕྲིན་ཡིག་སྒྱུར་གནད་ལ་འཁེལ་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ལས་ཆོད་ཆེ་རུ་གཏོང་གང་ཐུབ་བྱེད་དགོས།

    དེས་ན་ལོ་ཙཱ་བས་རང་ཉིད་ཀྱི་ཕྲག་ཏུ་འཁུར་བའི་རིག་གནས་ཀྱི་འགན་འཁྲི་དང་ཆབ་སྲིད་ཀྱི་འགན་འཁྲིར་ངོས་འཛིན་གཏིང་ཟབ་བྱས་ཏེ། ཐ་སྙད་རེ་རེ་དང་བརྗོད་ཚིག་རེ་རེ་ལ་དམ་པ་དོན་གཉེར་གྱི་རྣམ་འགྱུར་འཛིན་དགོས་པ་མ་ཟད། ཡོན་ཚད་ལ་བརྟེན་ནས་རིག་གནས་ཀྱི་ཁྱད་པར་ལས་བྱུང་བའི་འགོག་རྐྱེན་སེལ་བ་དང་། ཚད་མཐོའི་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་ལ་བརྟེན་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་པ་ཁོང་དུ་ཆུད་པར་བྱས་ཐོག གཏམ་བརྗོད་ཀྱི་ནུས་པར་རྒྱུན་ཆད་མེད་པར་སྦྱོང་བརྡར་བྱས་ན་ད་གཟོད་ཡང་དག་ལ་ཁ་གསལ་ཞིང་། གོ་བདེ་ནུས་ལྡན་གྱི་གསར་འགྱུར་སྒྱུར་ཡིག་ཐོན་ཐུབ། ཡིག་སྒྱུར་འདི་འདྲ་བ་བྱས་ན་གཞི་ནས་ཆ་འཕྲིན་ནུས་ལྡན་ངང་ཁྱབ་སྤེལ་བྱེད་པར་ཞབས་འདེགས་ཞུ་ཐུབ་པ་མ་ཟད། རྒྱ་བོད་མི་རིགས་དབར་གྱི་རིག་གནས་་སྤེལ་རེས་དང་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་ཐུབ་ཅིང་། དེ་བས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དུས་རབས་ཀྱི་རྒྱབ་ལྗོངས་འོག རྒྱ་བོད་གསར་འགྱུར་ཡིག་སྒྱུར་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བར་ཡང་གལ་ཆེའི་དོན་སྙིང་གལ་ཆེན་ལྡན་ཡོད།

    (ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གསལ་སྒྲོན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།