རྒྱ་བོད་ཡིག་སྒྱུར་ཁྲོད་མིང་བརྡའི་རིག་གནས་བསྟན་དོན་སོར་འཇོག་བྱེད་ཐབས་སྐོར་ཅུང་ཟད་གླེང་བ།
སྤྱིར་ན་སྐད་ཆའི་གོ་བརྡ་སྤྲོད་པའི་གྲུབ་ཆ་ཆུང་ཤོས་ནི་མིང་བརྡ་ལ་ཐུག་པ་ཡིན་པས། ཡིག་སྒྱུར་གྱི་ལག་ལེན་ཁྲོད་དུ། བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་སྐད་རིགས་སོ་སོའི་རིག་གནས་ཀྱི་རྒྱབ་ལྗོངས་དང་། མིང་བརྡའི་རིག་གནས་ཀྱི་བསྟན་དོན་མི་འདྲ་བར་བརྟེན་ནས། འགྱུར་ཡིག་ལས་མིང་བརྡ་སོ་སོའི་རིག་གནས་ཀྱི་བསྟན་དོན་ཇི་བཞིན་མཚོན་མི་ཐུབ་པ་ནི་ལོ་ཙཱའི་ལག་ལེན་གྱི་ཆེས་རྩ་བའི་གནད་དོན་ཞིག་ཏུ་གྱུར་ཡོད་པས། འདིར་རྒྱ་བོད་ཡིག་སྒྱུར་གྱི་ལག་ལེན་ཁྲོད་མིང་བརྡའི་རིག་གནས་བསྟན་དོན་སོར་འཇོག་བྱེད་ཐབས་སྐོར་ཅུང་ཟད་གླེང་དགོས་པ་ཤིན་ཏུ་གལ་ཆེ་བར་མཐོང་།
དང་པོ། མིང་བརྡའི་རིག་གནས་བསྟན་དོན་སོར་འཇོག་གི་ངོས་འཛིན།
སྤྱིར་སྐད་ཆ་ནི་མི་རིགས་གང་རུང་བའི་རིག་གནས་དང་ཀུན་རྟོག་སྣ་ཚོགས་ཀྱི་རྟེན་གཞིར་གྱུར་པ་ཞིག་ཡིན་པ་གཞིར་བཅས། སྐད་ཆའི་བརྡ་སྤྲོད་ཀྱི་གྲུབ་ཆར་གྱུར་བའི་ཡི་གེ་དང་མིང་དང་ཚིག་གསུམ་ལས་ཡི་གེ་ནི་སྤྱིར་ན་སྒྲ་གདངས་ཀྱི་ཆ་ནས་བཞག་པ་སྟེ། སྨྲ་སྒོ་ལས། “སྨྲ་བའི་ཡན་ལག་རྫོགས་དོན་དུ། ངག་གི་འདུ་བྱེད་གང་དེ་ཡི། ཚོགས་པ་བདག་གིས་བཤད་པར་བྱ”ཞེས་དང་། གཞན་ཡང“མིང་ནི་རང་དགར་སྤྱོད་ཆོག་པའི་སྐད་ཆའི་བརྡ་སྤྲོད་ཀྱི་སྡེ་ཚན་ཆུང་མཐའ་ཞིག་ཡིན”ཞེས་པ་ལྟར། ཡིག་སྒྱུར་གྱི་ལག་ལེན་ཁྲོད་དུ་ཡང་གཙོ་གནད་དོན་ལ་དམིགས་པ་ཡིན་ཞིང་། སྐད་ཆའི་དོན་སྟོན་པའི་གྲུབ་ཆ་ཆུང་ཤོས་དེ་ཡང་མིང་བརྡ་ཡིན་གཤིས། མིང་བརྡའི་ཡིག་སྒྱུར་ནི་ཡིག་སྒྱུར་གྱི་ཆེས་རྩ་བའི་ནང་དོན་ཞིག་ཏུ་གྱུར་ཡོད།
“རི”ཞེས་པ“山”ལ་བསྒྱུར་བ་དང་། “水”ཞེས་པ“ཆུ”ལ་བསྒྱུར་བ་ལྟ་བུ་ནི་སྐད་རིགས་སོ་སོའི་སྟབས་བདེའི་མིང་བརྡ་ཕབ་སྒྱུར་ཙམ་ཡིན་མོད། བོད་སྐད་དུ“པང་གདན”ཞེས་པ་ཕན་ཚུན་འདྲ་བ་ཙམ་ལ་བརྟེན་ནས“围裙”ཞེས་པར་བསྒྱུར་ན། པང་གདན་ཞེས་པའི་མིང་བརྡ་ལས་བསྟན་པའི་བོད་པའི་རིག་གནས་ཀྱི་ཆ་འཕྲིན་མི་ཉུང་བ་ཞིག་བོར་བརླག་སོང་ཞིང་། དོན་ཡང་ཇི་བཞིན་གོ་མི་ནུས་པས། “པང་གདན”ཞེས་པ་སྒྲ་རང་སོར་འཇོག་པའི་ཐབས་ལ་བརྟེན་ནས“邦典”ལ་བསྒྱུར་བ་ཇི་བཞིན་དང་། གཞན་ཡང“水牛”ཞེས་པ་“ཆུ་གླང”ལ་བསྒྱུར་ཚེ། ཁམས་ཆུ་དང་ལོ་རྟགས་གླང་ཞེས་པར་འཁྲུལ་ཉེན་ཡོད་པ་ལས། ཚ་བའི་ཡུལ་དུ་འབྲས་ཞིང་རྨོ་བཀོལ་དུ་སྤྱོད་པའི་བ་གླང་གི་རིགས་ཤིག་ཡིན་པར་གོ་མི་ནུས། དེ་ཡང“水牛”ཞེས་པའི་མིང་བརྡའི་རིག་གནས་ཀྱི་བསྟན་དོན་ཇི་བཞིན་གོ་བརྡ་མི་འཕྲོད་པ་ལྟ་བུ་ནི། ལོ་ཙཱའི་ལག་ལེན་ཁྲོད་རྒྱུན་པར་འཕྲད་པའི་གནད་དོན་ཞིག་ཡིན། གཞན་ཡང་། རིག་གནས་ཀྱི་བསྟན་དོན་ངེས་ཅན་ལྡན་པའི་མིང་བརྡ་དེ་དག་ལ་རིག་གནས་བརྟེན་མིང“文化负载词”ཞེས་འབོད་ཀྱང་། གོ་བདེའི་ཚུལ་དུ་རང་གི་ལས་ཀའི་ཉམས་མྱོང་གཞིར་བྱས་ཏེ། མིང་བརྡའི་རིག་གནས་བསྟན་དོན་སོར་འཇོག་ཅེས་པའི་བརྡ་སྦྱར་ནས་གོ་བདེའི་ཚུལ་དུ་བགྲོ་གླེང་ཞུ་བ་ལགས།
གཉིས་པ། མིང་བརྡའི་རིག་གནས་བསྟན་དོན་སོར་འཇོག་བྱེད་པའི་དགོས་པ།
གཅིག རིག་གནས་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་བའི་དགོས་པ། སྤྱིར་ཡིག་སྒྱུར་རམ་ལོ་ཙཱའི་བྱ་བ་དེ་ནི་རིག་གནས་འབྲེལ་འདྲིས་ཀྱི་དགོས་པ་ལ་བལྟོས་ནས་བྱུང་བ་ཞིག་ཡིན་ཏེ། མི་རིགས་སམ་རྒྱལ་ཁབ་ཅི་འདྲ་ཞིག་ལ་བལྟོས་ནའང་། མི་རིགས་གཞན་དང་འབྲེལ་འདྲིས་བྱེད་པའི་བརྒྱུད་རིམ་ནང་། དཔལ་འབྱོར་ཉོ་ཚོང་དང་། ཆབ་སྲིད་འགྲོ་འོང་ལ་སོགས་རྒྱུ་རྐྱེན་ཅི་འདྲ་ཡིན་ནའང་རིག་གནས་ཀྱི་འབྲེལ་འདྲིས་ལ་ཐུག་པ་ཇི་བཞིན། རིག་གནས་ཀྱི་འབྲེལ་འདྲིས་ཁྲོད་ནས་ཡིག་སྒྱུར་གྱི་དགོས་པ་བྱུང་བ་ཡིན་པས། “茶”ཞེས་པ་ལས“ཇ”ཞེས་པའི་གཡར་མིང་བྱུང་བ་དང་། “公主”ཞེས་པར་ཀོང་ཇོ་ཞེས་པའི་གཡར་མིང་བྱུང་བ་ལྟར་རོ།
གཉིས། མིང་བརྡའི་རིག་གནས་བསྟན་དོན། མིང་བརྡ་དེ་ལྡན་གྱི་སྐད་རིགས་དང་། སྐད་རིགས་དེ་སྤྱོད་པའི་མི་རིགས་ཀྱི་བསམ་བློ་དང་དངོས་པོའི་རིག་གནས་ཀྱི་བསྟན་དོན་ཡོད་ཚད་འདུས་ཡོད་ཏེ། དཔེར་ན། དེང་སྐབས་རྒྱ་སྐད་ཁྲོད་ཀྱི་“低头族” “啃老族” “躺平”ཞེས་པ་སོགས“མགོ་སྒུར་བའི་མི་རིགས”ཞེས་པ་སོགས་ལ་བསྒྱུར་ཚེ། དེའི་རིག་གནས་ཆ་འཕྲིན་བོར་ཞིང་། བུ་ཡིག་ལ་གོ་བ་ཁ་གསལ་ཞིག་བསྐྱེད་ཐབས་མེད་པ་ལྟར། མིང་བརྡའི་རིག་གནས་བསྟན་དོན་སོར་འཇོག་བྱེད་པ་ནི། མ་ཡིག་དང་བུ་ཡིག་བར་དུ་ཆ་འཕྲིན་བརྒྱུད་སྤྲོད་བྱེད་པའི་དགོས་པར་ཐུག་པ་ཡིན།
གསུམ། འགྱུར་ཡིག་གི་སྤུས་ཚད་ལེགས་སུ་གཏོང་བའི་དགོས་པ། སྤྱིར་ན་ལོ་ཙཱའི་བྱ་བ་འདི་ཡང་གསར་གཏོད་ཀྱི་བྱ་བ་ཞིག་ཡིན་ཞེས་གསུངས་པ་བཞིན། མ་ཡིག་གཅིག་སྒྱུར་མཁན་མི་འདྲ་བས་སྒྱུར་བ་ལས་འགྱུར་སྤུས་ལེགས་ཉེས་ཀྱི་ཁྱད་པར་སྣ་ཚོགས་ཡོད་པ་ཇི་བཞིན། སྔོན་གྱི་རྒྱ་བོད་མཁས་པ་རྣམས་ཀྱིས་ཀྱང་ལོ་ཙཱའི་ཚད་གཞིའི་ཐད་ལ་དགོངས་ཚུལ་སྣ་ཚོགས་ཤིག་གསུངས་ཡོད་པ་དེ་དག་ཀྱང་གཙོ་བོ་ལོ་ཙཱའམ་འགྱུར་གྱི་སྤུས་ཚད་ལ་དམིགས་པ་ཁོ་ན་ཡིན་པས། མིང་བརྡའི་རིག་གནས་བསྟན་དོན་གང་ཐུབ་ཅི་ཐུབ་ཀྱིས་སོར་འཇོག་བྱས་ཚེ། འགྱུར་ཡིག་གི་སྤུས་ཚད་ལེགས་སུ་འགྲོ་བ་གདོན་མི་ཟ་བས། མིང་བརྡའི་རིག་གནས་བསྟན་དོན་སོར་འཇོག་བྱེད་པའི་དགོས་པ་དེ་ཡང་ལོ་ཙཱའམ་འགྱུར་ཡིག་གི་སྤུས་ཚད་ལེགས་སུ་གཏོང་བའི་དགོས་པ་ལ་ཐུག་པ་ཞིག་ཡིན་པར་འདོད་དོ།
གསུམ་པ། མིང་བརྡའི་རིག་གནས་བསྟན་དོན་སོར་འཇོག་བྱེད་ཐབས།
གཅིག ལོ་ཙཱ་བའམ་སྒྱུར་པ་པོའི་ཤེས་བྱའི་སྒྲིག་གཞི། འདིར་ལོ་ཙཱ་བའམ་སྒྱུར་པ་པོའི་ཤེས་བྱའི་སྒྲིག་གཞི་ཞེས་པ་ནི་ལོ་ཙཱ་བའམ་སྒྱུར་པ་པོའི་རྒྱུད་ལ་འཇགས་པའི་སྣ་མང་གི་ཤེས་བྱའི་མཁྱེན་རྟོགས་ལ་བརྗོད་པ་ཡིན་ཞིང་། ལོ་ཙཱ་བ་ཞིག་ལ་མཚོན་ན། རིགས་པའི་གཞུང་ལུགས་ཀྱི་ཐོས་བསམ་ཡོད་དགོས་ལ། སྐད་རིགས་གང་དང་འབྲེལ་བའི་དམངས་སྲོལ་དང་། ཆོས་ལུགས། ལོ་རྒྱུས། ཆབ་སྲིད། དཔལ་འབྱོར། དེ་བཞིན་ཐོན་སྐྱེད་འཚོ་བ་སོགས་དང་འབྲེལ་བའི་རིག་གནས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་པོ་ལྡན་དགོས་པ་ཡིན།
གཉིས། ལོ་ཙཱ་བའམ་སྒྱུར་པ་པོའི་སྒྱུར་རྩལ། ལོ་ཙཱའི་ལག་ལེན་ཁྲོད། དོན་སྒྱུར་དང་། ཐད་སྒྱུར། སྒྲ་སྒྱུར་ལ་སོགས་པའི་སྒྱུར་ཐབས་རྣམས་ལ་རྒྱུས་མངའ་གཏིང་ཟབ་ཡོད་དགོས་པ་མ་ཟད། དགོས་མཁོ་དང་འཚམ་པའི་སྒྱུར་ཐབས་ཀྱི་ནུས་རྩལ་འཛོམས་དགོས་པ་ཡིན་ཏེ། སྔོན་གྱི་དུས་སུ་སྒྲ་སྦྱོར་བམ་གཉིས་སོགས་སུ་མཁས་པ་རྣམས་ཀྱིས་ཇི་ལྟར་གསུངས་པ་ལྟར་ལགས་ཤིང་། མ་ཡིག་གི་དོན་ཇི་བཞིན་བུ་ཡིག་ཏུ་ཐད་ཀར་བསྒྱུར་ཐུབ་པ་རྣམས་ལ་ཐད་སྒྱུར་བྱས་པ་ལས་མིང་གང་གི་རིག་གནས་བསྟན་དོན་སོར་འཇོག་ཐུབ་པ་ལྟ་བུ་དང་། མ་ཡིག་ལ་མངའ་བའི་ས་མིང་དང་། མི་མིང་། དངོས་པོའི་མིང་སོགས་གང་ཞིག་བུ་ཡིག་ཏུ་མེད་ཚེ། སྒྲ་སྒྱུར་ལ་བརྟེན་པ་དང་གཞན་ཡང་བསྣོར་བ། ཕྲལ་བ། བསྣན་པ་སོགས་སྒྱུར་ཐབས་སྣ་ཚོགས་ལ་མཁས་ཤིང་གོམས་པར་བྱེད་དགོས་སོ།
(བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱི་བསྟན་འཛིན་བཟང་མོས)
འབྲེལ་ཡོད་གསར་འགྱུར།