དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • རྒྱ་བོད་གསར་འགྱུར་ཡིག་སྒྱུར་ཁྲོད་ཐོན་པའི་འགྱུར་སྐྱོན་འགའ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-18

    ལོ་ཙཱ་བ་ཚོར་རྒྱ་ཡིག་བརྡ་སྤྲོད་སྐོར་གྱི་ཤེས་བྱ་ཕུན་སུམ་ཚོགས་པོ་མེད་པ་དང་། བོད་ཡིག་གི་སུམ་རྟགས་དག་གསུམ་གྱི་རྨང་གཞི་ཅུང་ཞན་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཞེ་ཚིག་ཉིས་བརྩེགས་སྦྱོར་བ་དང་། གྲངས་ཀ་བརྗོད་པའི་མིང་ཁྱད་གཞི་བརྗོད་པའི་མིང་གི་སྔོན་དུ་སྦྱོར་བ། བྱེད་སྒྲ་སྦྱོར་དགོས་སར་དང་སྒྲ་སྦྱོར་བ། དང་སྒྲ་སྦྱོར་དགོས་སར་ལ་སྒྲ་སྦྱོར་བ། གྲངས་ཀ་བགྲང་ཚུལ་ནོར་བ་སོགས་བུ་ཡིག་ཏུ་འགྱུར་སྐྱོན་མང་པོ་བྱུང་དང་འབྱུང་མུས་སུ་མཆིས་པས། འདིར་གུས་པས་དེང་གི་གསར་འགྱུར་འགྱུར་ཡིག་ནང་ཐོན་པའི་འགྱུར་སྐྱོན་འགའ་ཞིག་གི་སྐོར་བསམ་ཚུལ་བརྗེ་རེས་ཀྱི་ཚུལ་དུ་གླེང་བར་འདོད།

    དང་པོ། རིམ་གྲངས་བརྗོད་པའི་མིང་ཁྱད་གཞི་བརྗོད་པའི་མིང་གི་སྔོན་དུ་སྦྱོར་བའི་སྐྱོན།

    རྒྱ་ཡིག་ལྟར་ན་གྲངས་ཀ་བརྗོད་པའི་མིང་ཁྱད་གཞི་བརྗོད་པའི་མིང་དང་འཇལ་བྱེད་ཀྱི་མིང་གི་སྔོན་དུ་སྦྱོར་དགོས་པ་དང་བོད་ཡིག་ཏུ་ནི་དེ་ལས་ལྡོག་སྟེ། གྲངས་ཀ་བརྗོད་པའི་མིང་ཁྱད་གཞི་བརྗོད་པའི་མིང་དང་འཇལ་བྱེད་ཀྱི་མིང་གི་རྗེས་སུ་སྦྱོར་དགོས་པ་ཡིན། དཔེར་ན། “第一节课、一斤酥油、一双鞋子”ཞེས་པར་རིམ་བཞིན་དུ། སློབ་ཐུན་དང་པོ་དང་། མར་རྒྱ་མ་གང་། ལྷམ་ཆ་གཅིག་ཅེས་བརྗོད་དགོས་པ་ལྟ་བུ། འོན་ཀྱང་། དེང་སང་མ་ཡིག“中国人民政治协商会议第二届昌都市委员会第四次会议”ཞེས་པ་བུ་ཡིག་ཏུ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་གཉིས་པའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་ཞེས་དང་། མ་ཡིག“洛隆县第十届俄西杏花文化旅游节”ཞེས་པ་བུ་ཡིག་ཏུ། ལྷོ་རོང་རྫོང་སྐབས་བཅུ་པའི་རྔུལ་ཤོད་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་ཞེས་པ་ལྟ་བུ་རིམ་གྲངས་བརྗོད་པའི་མིང་ཁྱད་གཞི་བརྗོད་པའི་མིང་གི་སྔོན་དུ་སྦྱར་ནས་སྒྱུར་བཞིན་པ་གསར་འགྱུར་འགྱུར་ཡིག་ཁག་ཏུ་ཧ་ཅང་མང་པོ་མཐོང་རྒྱུ་ཡོད། རྒྱ་ཡིག་གི་བརྡ་སྤྲོད་ཤེས་བྱ་ལྟར་ན་གོང་གི་དཔེར་བརྗོད་དང་པོའི་རིམ་གྲངས་བརྗོད་པའི་མིང“第二届”ནི་ངེས་བྱེད(定语)དང་། ཁྱད་གཞི་བརྗོད་པའི་མིང“昌都市委员会”ནི་ངེས་གཞི(中心语)ཡིན་པ་ལས། སྐབས་གཉིས་པ་དེ་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་སྐབས་གཉིས་པ་ཡིན་པ་ལས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་གཉིས་པ་མིན་པ་གསལ་པོར་རྟོགས་ཐུབ། དེ་ནང་བཞིན་གོང་གི་དཔེར་བརྗོད་གཉིས་པར་ཡང་རིམ་གྲངས་བརྗོད་པའི་མིང“第十届”ནི་ངེས་བྱེད(定语)དང་། ཁྱད་གཞི་བརྗོད་པའི་མིང“俄西杏花文化旅游节”ནི་ངེས་གཞི(中心语)ཡིན་པ་ལས། སྐབས་བཅུ་པ་དེ་རྔུལ་ཤོད་ཁམ་བུའི་མེ་ཏོག་རིག་གནས་དུས་ཆེན་གྱི་སྐབས་བཅུ་པ་ཡིན་པ་ལས་ལྷོ་རོང་རྫོང་གི་སྐབས་བཅུ་པ་མིན་པ་གསལ་པོར་རྟོགས་ཐུབ། དཔེར་བརྗོད་དེ་གཉིས་བུ་ཡིག་ཏུ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་ཞེས་དང་། ལྷོ་རོང་རྫོང་རྔུལ་ཤོད་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་པ་ཞེས་པར་བསྒྱུར་ན། བོད་ཀྱི་བརྡ་སྤྲོད་ལུགས་དང་མཐུན་པར་མ་ཟད་མ་ཡིག་གི་ནང་དོན་དེ་བུ་ཡིག་ཏུ་ཇི་མ་ཇི་བཞིན་མཚོན་ཐུབ་པར་སྙམ།

    གཉིས་པ། བྱེད་སྒྲའི་ཕྲད་སྦྱོར་དགོས་སར་དང་སྒྲ་སྦྱོར་བའི་སྐྱོན།

    རྒྱ་ཡིག“庄劲松与玉树州委书记蔡成勇一行座谈”ཞེས་པར་བོད་ཡིག་ཏུ། ཀྲོན་ཅིན་སུང་དང་ཡུལ་ཤུལ་ཁུལ་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཁྲེང་ཡུང་སོགས་དབར་བཞུགས་མོལ་གནང་བ་ཞེས་སུ་བསྒྱུར་བ་ལྟ་བུར། མིག་ཟུང་གིས་ཕར་བལྟས་པའམ་རྣ་བ་གཉིས་ཀྱིས་ཚུར་ཉན་པའི་དུས་ན་སྐྱོན་ཆེན་པོ་མེད་པ་ལྟར་སྣང་ཡང་བསམ་བློ་ཞིབ་ཏུ་བཏང་ཚེ་རྒྱ་ཡིག་གི་བསྟན་དོན་ཡོངས་བོད་ཡིག་ཏུ་ཚུར་ཕབ་ཐུབ་མེད་པའི་སྐྱོན་མཆིས་ཏེ། རྒྱ་ཡིག་གི་ནང་དོན་ལྟར་ན་ཀྲོན་ཅིན་སུང་ནི་བཞུགས་མོལ་གནང་མཁན་གཙོ་བོ་ཡིན་ཞིང་། སུ་དང་བཞུགས་མོལ་གནང་བ་རེད་ཟེར་ན་ཚའེ་ཁྲེང་ཡུང་སོགས་དང་གནང་བ་ཡིན་པ་གོ་རྒྱུ་ཡོད་པ་དང་། འགྱུར་ཡིག་དེའི་ནང་བྱེད་པ་པོ་ཀྲོན་ཅིན་སུང་ལ་བྱེད་སྒྲ་མི་སྦྱར་བར་དང་སྒྲ་སྦྱར་བས་བཞུགས་མོལ་གནང་མཁན་གཙོ་བོ་སུ་ཡིན་པ་གསལ་པོར་གོ་མི་ཐུབ། ཚིག་དེའི་འགྱུར་ཡང་དག་པར་བཅོས་ན། ཀྲོན་ཅིན་སུང་གིས་ཡུལ་ཤུལ་ཁུལ་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཁྲེང་ཡུང་སོགས་དང་བཞུགས་མོལ་གནང་བ་ཞེས་སུ་བསྒྱུར་ན་བཞུགས་མོལ་གནང་མཁན་སུ་ཡིན་པ་དང་གནང་ཡུལ་སུ་ཡིན་པ་གསལ་པོར་གོ་ཐུབ་པའོ།

    གསུམ་པ། སྣོར་སྒྱུར་ཐབས་མ་ཤེས་པའི་སྐྱོན།

    མ་ཡིག“依法严厉惩处爆炸、杀人、抢劫、绑架等严重危害社会治安的犯罪保障社会安定”ཞེས་པར་ཁྲིམས་ལྟར་འབར་གས་དང་། མི་གསོད་པ། འཕྲོག་བཅོམ། བཙན་ཁྲིད་སོགས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་བྱས་ཉེས་གསོག་རིགས་ལ་ཉེས་ཆད་ནན་པོ་བཅད་ནས་སྤྱི་ཚོགས་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས་ཞེས་བསྒྱུར་བ་ལྟ་བུར་མཚོན་ན། མ་ཡིག་གི་ཚིག་འགྲོས་བཞིན་བསྒྱུར་བས། ཚིག་གི་སྡེབ་སྦྱོར་མི་ལེགས་པའི་སྟེང་བུ་ཡིག་ཀློག་པ་པོ་རྣམས་ལ་འབར་གས་དང་། མི་གསོད་པ། འཕྲོག་བཅོམ། བཙན་ཁྲིད་སོགས་ཀྱང་ཁྲིམས་མཐུན་མིན་ནམ་སྙམ་དུ་བཅུག་པའི་ཉེན་ཁ་ཡོད་ཅིང་། དེ་ནི་མ་ཡིག་གི་བརྡ་སྤྲོད་འབྲེལ་བ་ཤིན་ཏུ་དམ་པའི་གསལ་བྱེད་ཀྱི་སྒྲ“依法”དང་རྗོད་བྱེད་ཀྱི་སྒྲ“惩处”ཞེས་པ་ཁ་ཕྲལ་ནས་སྤྱད་པ་དང་མ་ཡིག་གི་གོ་རིམ་ཇི་བཞིན་བསྒྱུར་བ་ལས་བྱུང་བའི་སྐྱོན་ཡིན་པས་སྣོར་སྒྱུར་གྱི་ཐབས་ལམ་འདི་མི་སྤྱོད་ཀ་མེད་ཡིན། དེར་བརྟེན། ཚིག་གི་གོ་རིམ་བསྣོར་ནས་བསྒྱུར་ན། འབར་གས་དང་། མི་གསོད་པ། འཕྲོག་བཅོམ། བཙན་ཁྲིད་སོགས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་བྱས་ཉེས་གསོག་རིགས་ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་བཅད་ནས་སྤྱི་ཚོགས་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས་ཞེས་བརྗོད་ན། ད་གཟོད་མ་ཡིག་གི་ནང་དོན་མ་ལུས་བསྟན་ཐུབ་པ་མ་ཟད་བོད་ཡིག་གི་བརྡ་སྤྲོད་དམ་སྐད་ཆའི་སྦྱོར་ལུགས་དང་ཡང་མཐུན་པ་ཡིན།

    བཞི་པ། ཚིག་རོ་མང་བའི་སྐྱོན།

    གསར་འགྱུར་འགྱུར་ཡིག་ཁག་ནང་ཐ་སྙད་ཅིག་གི་རྗེས་སུ་བྱ་ཚིག་གམ་བྱ་བ་བརྗོད་པའི་ཡིག་འབྲུ“བྱེད”ཅེས་པ་འདི་སྦྱར་བའི་ཚུལ་ཤིན་ཏུ་མང་སྟེ། དཔེར་ན། བོད་ལྗོངས་འཛུགས་སྐྲུན་བྱེད་དང་། དགོངས་དོན་དྲིལ་སྒྲོག་བྱེད། རིག་གནས་སློབ་སྦྱོང་བྱེད། ནུས་པ་འདོན་སྤེལ་བྱེད། མདུན་སྐྱོད་བྱེད། ལག་བསྟར་བྱེད། གཏན་འབེབས་བྱེད། ལས་ཞུགས་བྱེད། ལོངས་སྤྱོད་བྱེད་སོགས་ལྟ་བུ། གུས་པས་བལྟས་ན་དེ་འདྲའི་རིགས་ལ་ཚིག་རོ་མང་བའི་སྐྱོན་ཡོད་པར་སྙམ། གང་ཡིན་ཞེ་ན་དེ་དག་གི་བསྟན་དོན་ཚང་མ་རིམ་བཞིན་དུ་བོད་ལྗོངས་སྐྲུན། དགོངས་དོན་སྒྲོག རིག་གནས་སློབ། ནུས་པ་འདོན། མདུན་དུ་སྐྱོད། ལག་ལེན་བསྟར། གཏན་དུ་འབེབས། ལས་ཀར་ཞུགས། ལོངས་སུ་སྤྱོད་ཅེས་པས་བསྟན་ནུས་པས་སོ།

    ལྔ་པ། ནས་སྒྲ་མཚམས་སྦྱོར་ལ་འཇུག་པ་དང་། ན་སྒྲ་རྒྱུ་མཚན་སྟོན་པ་ལ་འཇུག་པ། ཏེ་དེ་སྟེ་གསུམ་མཚམས་སྦྱོར་ལྷག་བཅས་ལ་འཇུག་སྐབས་ཕྲད་འཇུག་སའི་བྱ་ཚིག་དེ་དུས་འདས་པ་མ་བྲིས་པའི་སྐྱོན།

    ནས་སྒྲ་མཚམས་སྦྱོར་ལ་འཇུག་པ་དང་། ན་སྒྲ་རྒྱུ་མཚན་སྟོན་པ་ལ་འཇུག་པ། ཏེ་དེ་སྟེ་གསུམ་མཚམས་སྦྱོར་ལྷག་བཅས་ལ་འཇུག་སྐབས། ཕྲད་འཇུག་སའི་བྱ་ཚིག་དེ་ཡིན་གཅིག་མིན་གཉིས་སུ་དུས་གསུམ་ལས་དུས་འདས་པ་འབྲི་དགོས་ཀྱང་དེང་སང་གསར་འགྱུར་འགྱུར་ཡིག་ཁག་ལ་ནི་དེ་ལྟར་མ་ཡིན་པར་དུས་ད་ལྟ་བ་བྲིས་དང་འབྲི་མུས་སུ་འདུག དཔེར་ན། གངས་འཁྱགས་འཕྱག་ནས་འགྲོ་ལམ་ཤར་གཏོང་ཐུབ་པ་བྱེད། སློབ་སྦྱོང་ཡག་པོ་བྱེད་ན་འབྲས་བུ་ཡག་པོ་ཐོབ། མ་རྩ་འདོན་ཏེ་ཀུང་སི་བཙུགས་ཞེས་པ་ལྟ་བུ། རྒྱུ་མཚན་ནི་གངས་འཁྱགས་འཕྱགས་མ་ཚར་ན་འགྲོ་ལམ་ཤར་གཏོང་ཐུབ་ཐབས་བྲལ་བ་དང་། སློབ་སྦྱོང་ཡག་པོ་བྱས་མ་ཟིན་ན་འབྲས་བུ་ཡག་པོ་ཐོབ་ཐབས་བྲལ་བ། མ་རྩ་བཏོན་མ་ཚར་ན་ཀུང་སི་བཙུགས་ཐབས་བྲལ་བ་སྟེ་བརྡ་སྤྲོད་ལུགས་དང་གནས་ལུགས་བརྗོད་སྟངས་ནས་ཐུགས་བསམ་ཕྲན་ཙམ་བཞེས་ན་ལམ་སང་རྟོགས་ཐུབ་བོ། །གཞན་ད་རུང་རིག་ཚན་ཁག་སློབ་སྦྱོང་ཡག་པོ་བྱས་ཐོག་ཅེས་འབྲི་དགོས་པ་ལས་རིག་ཚན་ཁག་སློབ་སྦྱོང་ཡག་པོ་བྱེད་ཐོག་ཅེས་འབྲི་མི་རུང་བའི་ཚུལ་ཀྱང་རྒྱུ་མཚན་དེའི་རྐྱེན་གྱིས་ཡིན།

    དྲུག་པ། ཐད་སྒྱུར་ཆེ་དྲགས་པའི་སྐྱོན།

    “卖火柴的小女儿”ཞེས་པར་དེ་སྔོན་སློབ་འབྲིང་བསླབ་གཞིའི་ནང་དུ་རྒྱ་ཡིག་གི་ཚིག་འགྲོས་བཞིན་ཙག་སྒྲ་འཚོང་མཁན་གྱི་བུ་མོ་ཞེས་པར་བསྒྱུར་བ་ནི་རྒྱ་ཡིག་ནང་གི“的”ཞེས་པ་འབྲེལ་བ་སྟོན་པའི་དོན་རྐྱང་པར་འཇུག་པར་བསམས་པས་ཡིན་ཤས་ཆེ། དོན་ངོ་མར་རྒྱ་ཡིག་ནང་གི“的”ཞེས་པ་གཞན་ད་རུང་མིའམ་བྱ་དངོས་ཀྱི་དབྱེ་བ་ལའང་འཇུག་པ་ཡིན། དཔེར་བརྗོད་འདིའི་ནང་གི“的”ཞེས་པ་དེ་བུ་མོ་དེ་ཙག་སྒྲ་འཚོང་མཁན་གྱི་བུ་མོ་ཡིན་པ་འབྲེལ་བ་སྟོན་པའི་དོན་ལ་མི་འཇུག་པར་ཙག་སྒྲ་འཚོང་མཁན་ནི་བུ་མོ་དེ་ཡིན་པ་དང་བུ་མོ་དེ་ནི་ཙག་སྒྲ་འཚོང་མཁན་རང་ཡིན་པ་སྟོན་པའི་དོན་ལ་འཇུག་པས་དེའི་འགྱུར་ཡང་དག་ལ་བུ་མོ་ཙག་སྒྲ་འཚོང་མཁན་ཞེས་སྒྱུར་དགོས་པ་ཡིན་གཤིས། སླད་ཀྱི་བསླབ་གཞིའི་ནང་དུའང་འདི་ལྟར་བསྒྱུར་ནས་བེད་སྤྱོད་གཏོང་མུས་སུ་ཡོད། གཞན་ད་དུང་། བོད་ལྗོངས་ནང་ཁུལ་གྱི“三江”ཞེས་པར་ཐད་ཀར་དུ“གཙང་གསུམ”ཞེས་བསྒྱུར་བ་དེའང་ཐད་སྒྱུར་ཆེ་དྲགས་པའི་འགྱུར་སྐྱོན་དུ་འཁུམས་ཏེ། བོད་སྐད་དུ་གཙང་པོ་གསུམ་རེ་རེ་བཞིན་བགྲང་དུ་བཅུག་ཚེ་འབྲི་ཆུ་དང་། ཟླ་ཆུ། རྒྱལ་མོ་རྔུལ་ཆུ་ཞེས་བགྲང་བ་ལས་གང་དང་གང་གི་གཙང་པོ་ཞེས་གཙང་པོ་གསུམ་གྱི་མིང་བགྲང་རྒྱུ་མེད་པ་དེ་ལས་ཀྱང་ལས་སླ་པོར་རྟོགས་ཐུབ་བོ།

    སླར་སྨྲས་པ།

    སྨྱན་སྦྱོར་གསར་པའི་དུས་རབས་ཉེར་གཅིག་པར། །སྐད་འཕྲིན་ལ་སོགས་ཆ་འཕྲིན་འཕྲིན་སྟེགས་ནས། །རླབས་ཆེན་ཏང་གི་སྲིད་ཇུས་བཟང་པོ་དག །འཕྱུགས་པ་མེད་པར་དྲིལ་བསྒྲགས་བྱེད་པ་ལ། །རྒྱ་བོད་ཡིག་རིགས་གཉིས་པོའི་བརྡ་སྤྲོད་སོགས། །ཤེས་བྱ་མང་དག་བློ་ལ་མེད་པ་ན། །བོད་པ་ཡིན་ཚད་ཀུན་གྱིས་གོ་ནུས་པའི། །ཆ་འཕྲིན་བསྒྱུར་ཐུབ་ཟེར་བ་ཁ་ཤོབ་སྟེ། །འཇའ་ཚོན་རུམ་ལ་འཇུག་སྙིང་འདོད་པ་ཡི། །བྱིས་པའི་སྟོང་བསམ་ཉིད་ལས་མ་འདས་པས། །སྙིང་ནས་གཅེས་པའི་ལོ་ཆུང་གཞོན་སྐྱེས་ཚོ། །སང་ཉིན་སང་ཉིན་ཟེར་ནས་མི་སྡོད་པར། །ད་ལྟའི་དུས་ནས་རྒྱ་བོད་ཡིག་རིགས་ལ། །སྤྲོ་བ་ཆེན་པོས་འབད་བརྩོན་གནང་བར་མཛོད། །

    (ཆབ་མདོ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། བོད་ར་ཚུལ་ཁྲིམས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།