རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་འགག་རྩའི་བདེ་ཐང་ཚད་གཞི་དག་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་སུ་སླེབས་པ།
ཉིན་ཤས་གོང་། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་གི་དམངས་འཚོའི་དོན་དངོས(“དམིགས་པ་ལྔ”)ལས་དོན་གྱི་ཕན་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་ཤིང་། གསར་འགོད་པར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་སྨན་བཅོས་ཆུ་ཚད་ཅུང་རྗེས་ལུས་དང་། ས་མཐོས་བདེ་ཐང་ལ་གནོད་འཚེ་ཅུང་ཆེ་བ། ཡུལ་ནད་ཐོན་སླ་བ། ས་མཐོའི་ནད་ཐོན་མང་བ། མང་ཚོགས་ཀྱི་བཟའ་བཅའི་གྲུབ་ཆ་ལུགས་དང་མི་མཐུན་པ(“དམིགས་པ་ལྔ”)སོགས་ཀྱི་གནད་དོན་ལ་དམིགས་ནས། འཕྲོད་བསྟེན་བདེ་ཐང་གི“བྱ་སྤྱོད་ཁག་བརྒྱད”ལག་བསྟར་བྱས་པར། དུས་མཚམས་རང་བཞིན་གྱི་ཕན་འབྲས་གལ་ཆེན་ཐོན་པ་དང་། རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་འཇུར་མིག་རིམ་བཞིན་བསལ་ནས། མང་ཚོགས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཡུན་རིང་ཐེབས་པའི་ནད་རིགས་ཁག་གཅིག་འགོག་བཅོས་ནུས་ལྡན་ཐུབ་ཡོད།
མིག་སྔའི་བར། རང་སྐྱོང་ལྗོངས་དང་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་མི་དམངས་སྨན་ཁང་ཚང་མ་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་དུ་རིམ་སྤོར་བྱས་ནས། ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་གྲངས་འབོར་2009བར་མང་དུ་ཕྱིན་པ་དང་། ནད་ཁྲི་ཁྲི་2.15ཟིན་ནས་2022ལོ་ལས་20.66%དང་7.48%སོ་སོར་འཕར་བ་དང་རྒྱང་བསྟེན་སྨན་བཅོས་ཞབས་ཞུའི་ལས་སྟེགས་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ལ་ཁྱབ་པ་དང་། འབྱུང་རྩ་དང་མིག་སྔ་གཉིས་ཀར་ཕན་པའི་གྲུམ་བུ་ཚིགས་ཆེན་གྱི་ནད་གཞི་འགོག་བཅོས་སྲ་བརྟན་དང་མཐོར་འདེགས་བྱ་སྤྱོད་སྤེལ་ཏེ། འབྱུང་རྩ་ནས་ཚོད་འཛིན་བྱེད་པར་དམིགས་ཏེ་2018ལོ་ཚུན་དུ་ལྗོངས་ཡོངས་སུ་ནད་དཔེ་གསར་པ་མི་ཐོན་པ་རྒྱུན་འཁྱོངས་ཐུབ་པ། ཕན་འབྲས་སྲ་བརྟན་དང་ཕུགས་ཕན་ཟུང་དུ་འབྲེལ་བའི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པ་ནད་པ་སྐྱོབ་བཅོས་བྱ་སྤྱོད་སྤེལ་ནས། ལྗོངས་ནང་ཁུལ་གྱི་དམིགས་འཛུགས་སྨན་ཁང་5བར་མང་དུ་བཏང་བ་དང་། 2023ལོ་ཚུན་དུ་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་30ལྷག་ཙམ་ལ་དབྱེ་བཤེར་དང་ནད་པ་800ལྷག་ཙམ་ལ་གཤགས་བཅོས་བྱས་ནས་ལྗོངས་ནང་ཁུལ་དུ་གཤགས་བཅོས་བྱེད་ཚད་ཤུགས་ཆེན་འཕར་ཡོད།
རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཐན་ཤང་ཏུང་གིས། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ལྟེ་གནས(བོད་ལུགས་གསོ་རིག)དང་། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གི་བོད་ལྗོངས་སྨན་ཁང་། ཧྭ་ཤིས་སྨན་ཁང་གཉིས་པའི་བོད་ལྗོངས་སྨན་ཁང་གི་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་བཅས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་བོད་དུ་བཙུགས་པས། སྨན་བཅོས་སྐྱོབ་བཅོས་ཀྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་བར་སྐུལ་འདེད་ཐེབས་པ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་སྔོན་འགོག་སྨན་ཁབ་རྒྱག་སའི་ཞབས་ཞུ་ས་ཚིགས་བཙུགས་ནས། མ་བུ་བདེ་ཐང་ཞབས་ཞུ་དེ་མ་བུའི་ཚེ་སྲོག་དུས་འཁོར་ཧྲིལ་པོར་ཁྱབ་པ་དང་། འགོ་ནད་དང་ཡུལ་ནད་མང་པོ་ཞིག་ཐོན་ཚད་ལོ་རྒྱུས་ཀྱི་ཚད་གཞི་དམའ་ཤོས་བར་ཆག་པ། སྦྲུམ་མ་ཤི་ཚད་2022ལོའི་ཁྲི་45.8/10ནས་ཁྲི་34.94/10བར་ཆག་པ་དང་། ཕྲུ་གུ་དམར་འབྱར་ཤི་ཚད་2022ལོའི་7‰ནས་4.32‰བར་ཆག་པ། སྨན་ཁང་དུ་བསྡད་དེ་ཕྲུ་གུ་བཙའ་ཚད་99%ཡན་རྒྱུན་འཁྱོངས་བྱས་པ་བཅས་འགག་རྩའི་བདེ་ཐང་དམིགས་ཚད་དེ་དག་ཚང་མ་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད།
འབྲེལ་ཡོད་གསར་འགྱུར།