དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ལ་ཀླུང་མང་པོ་བརྒྱབ་ནས་བདེ་ཐང་ཕོ་ཉ་སླེབས་བྱུང་།

    སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”ལོ་གསུམ་རིང་གི་བོད་སྐྱོར་ལས་དོན་ལ་ལྟ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-18

    འདི་ནི་ཁག་བརྒྱད་པའི་པེ་ཅིང་ཕྱི་ནད་སྨན་ཁང་གི་བོད་སྐྱོར་རིགས་གཅིག་མཁས་ཅན་ཧུའུ་ཧའེ་པོ་ཡིས་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་གྱི་མང་ཚོགས་ལ་འོས་འགན་སྨན་བཅོས་བྱེད་བཞིན་པ། (དཔྱད་གཞིའི་པར་རིས)

    འདི་ནི་པེ་ཅིང་ཞེ་ཧོ་སྨན་ཁང་གི་ཁག་དགུ་པ་དང་བཅུ་པའི་བོད་སྐྱོར་སྨན་པ་ཞུས་ཧའེ་ཧྥུང(གཡོན)གིས་སྨན་ཁང་ནས་དོན་མཁན་ནད་པས་སྤྲད་པའི་གོས་དར་ལེན་བཞིན་པ། (དཔྱད་གཞིའི་པར་རིས)

    2015ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུཌ་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་མུ་མཐུད་སྤེལ་ཤུགས་ཆེ་རུ་བཏང་ཞིང་། 2021ལོའི་ཟླ་7པར་དངོས་སུ་སྤུས་འབྲས་ལེགས་གཉེར་གྱི་དུས་མཚམས་གསར་པར་སླེབས་ཡོད།

    ལོ་གསུམ་རིང“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་འཛམ་གླིང་ཡང་རྩེར་གཞི་ཚུགས་ནས་གངས་ལྗོངས་ས་མཐོར་བྱས་རྗེས་བཞག་པ་དང་། “ནམ་ཡང་གནས་ཐུབ་པའི་སྨན་བཅོས་དཔུང་ཁག”བཙུགས་པ། ནུས་པ་ཆ་ཚང་བའི་སྨན་བཅོས་མ་ལག་བསྐྲུན་པ་བཅས་བྱས་ཡོད། ཁོང་ཚོའི་རྒྱུན་མཐུད་འབད་བརྩོན་འོག་རང་ལྗོངས་ཀྱི་སྨན་བཅོས་བྱ་གཞག་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད།

    “ལྟེ་གནས་ཆེན་པོ་ལྔ”བསྐྲུན་རྒྱུར་སྐུལ་འདེད་བཏང་བས“ནད་ཆེན་བོད་ནས་བཅོས་ཐུབ་པ”

    བྲང་ཁོག་ན་བ་དང་། གཟའ་ཕོག་པ། རྨས་སྐྱོན་ཕོག་པ། ནད་གཞི་ལྕི་ལ་སྲོག་ཉེན་ཆེ་བའི་སྦྲུམ་མ་སྐྱོབ་བཅོས། ནད་གཞི་ལྕི་ལ་སྲོག་ཉེན་ཆེ་བའི་བྱིས་པ་དང་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་བཅས“ལྟེ་གནས་ཆེན་པོ་ལྔ”བསྐྲུན་རྒྱུ་ནི་སྨན་བཅོས་བོད་སྐྱོར་གྱི་སྤུས་འབྲས་ལེགས་གཉེར་གྱི་འགག་རྩའི་དམ་འཛིན་བྱ་གཞི་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། སྨན་བཅོས་བོད་སྐྱོར་ལས་དོན་གྱིས་ཐོག་མཐའ་བར་གསུམ་དུ་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་རྒྱུ་གཙོ་བོར་བཟུང་ཞིང་། བོད་སྐྱོར་སྨན་བཅོས་ཚོགས་པས་སྣེ་ཁྲིད་ཚན་པ་དང་ཚན་ཁག་འགན་གཙང་ལེན་པའི་སྨན་ཁང་གི་ལེགས་ཆ་གང་ལེགས་བཏོན་ཏེ། བོད་ཀྱི་ནད་རིགས་དང་ཟུང་འབྲེལ་གྱིས་ཆེད་ལས་ཚན་ཁག་གི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་ཚད་བརྒལ་སར་བརྩིས་ནས་སྨན་བཅོས་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་ཡོད།

    པེ་ཅིང་ཤོན་ཝུའུ་སྨན་ཁང་གི་ཁག་དགུ་པའི་བོད་སྐྱོར་རིགས་གཅིག་མཁས་ཅན་ཧོའུ་གཡོད་2023ལོའི་ཟླ་7པར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་འབྱོར་སྐབས། དབང་རྩའི་ཚན་ཁག་བཙུགས་མ་ཐག་ཡིན་པ་རེད།

    ཧོའུ་གཡོད་ཀྱིས“ང་ཚོས་ལྗོངས་ནང་ཁུལ་དུ་རྒྱང་བསྟེན་བརྙན་ལམ་གྱི་ཀླད་དཔྱད་གློག་རླབས་ལྟ་ཞིབ་ཚད་ལེན་སྔོན་ལ་བྱས་པ་དང་། ཉིན་གཅིག་གི་བརྒྱལ་གཟེར་ནད་ཁང་བཙུགས་པ། བརྒྱལ་གཟེར་ལྟེ་གནས་དང་དབང་རྩའི་གློག་གི་ལུས་ཁམས་ལམ་ལུགས་ཁག་20འཐུས་སྒོ་ཚང་དུ་བཏང་བ། ས་གནས་དེ་གའི་སྨན་པ་6གསོ་སྐྱོང་བཅས་བྱས་ཡོད། དེའི་ནང་ནས་མི་4ལ་རྒྱལ་ཡོངས་ཀྱི་བརྒྱལ་གཟེར་ཆེད་ཚན་སྨན་པའི་ཁས་ལེན་ཐོབ་པ་དང་མི་2ལ་རྒྱལ་ཡོངས་ཀྱི་ཀླད་དཔྱད་གློག་རིས་ཆེད་ལས་ཀྱི་སྨན་པའི་ཁས་ལེན་ཐོབ་ཡོད་ཅེས་བཤད། 2023ལོར་སྨན་ཁང་དེ་ཁག་བཞི་པའི་CAAEརིམ་པ་དང་པོའི་བརྒྱལ་གཟེར་ལྟེ་གནས་ལ་བདེ་བླག་ངང་བདམས་པ་རེད།

    མིག་སྔར། བོད་དུ“ནད་ཆེན”རིགས་400ལྷག་ཙམ་རང་སྐྱོང་ལྗོངས་ནས་བཅོས་ཐུབ་པ་དང“ནད་འབྲིང”རིགས་2000ལྷག་ཙམ་ས་ཁུལ་དང་གྲོང་ཁྱེར་ནས་གང་ལེགས་བཅོས་ཐུབ་ཀྱི་ཡོད་པ་རེད།

    སྤུས་ལེགས་ཐོན་ཁུངས་གཤམ་སྤེལ་བྱེད་རྒྱ་ཆེ་རུ་བཏང་ནས་དོ་སྙོམས་ཀྱི་བཀོད་པ་རིམ་བཞིན་ཆགས་པ།

    ཉེ་ཆར། རང་ལྗོངས་ཀྱི་གཙོ་གནད་རྫོང་སྨན་ཁང་ནས་གཏམ་བཟང་གྲགས་པ་སྟེ། ནད་གཞི་ལྕི་ལ་སྲོག་ཉེན་ཆེ་བ་མྱུར་སྐྱོབ་ལེགས་གྲུབ་བྱུང་ཚད་94%ཟིན་པ་དང་རྫོང་སྨན་ཁང་ཁག་གཅིག་གིས་རང་ཚུགས་ངང་ཀླད་པའི་གཤགས་བཅོས་དང་། དཔྱི་ཚིགས་བརྗེ་བ་སོགས་དཀའ་ཚེགས་ཆེ་བའི་གཤགས་བཅོས་བྱེད་ཐུབ་ཀྱི་ཡོད་པ་དེ་རེད།

    སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཤམ་སྤེལ་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་དོ་སྙོམས་ཀྱི་བཀོད་པ་རིམ་བཞིན་ཆགས་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་དེ་བས་རྒྱ་ཁྱབ་དང་། དེ་བས་སྟབས་བདེ། དེ་བས་སྤུས་ལེགས་བཅས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱ་ཆེད། ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རོགས་སྐྱོར་ཁྱབ་ཁོངས་ཐོག་མའི“1+7”སྨན་ཁང་ནས་ལྷ་རྩེ་དང་། གྲོ་མོ། ལྷུན་རྩེ། ལྷོ་བྲག རྫ་ཡུལ། སྤོ་བོ། འཇོ་མདའ། སྨར་ཁམས། ལྷོ་རོང་། སོག་རྫོང་། དཔལ་མགོན། སྒེར་རྩེ། སྤུ་ཧྲེང་སོགས་གཙོ་གནད་རྫོང་གི་མི་དམངས་སྨན་ཁང་13ལ་རྒྱ་སྐྱེད་བཏང་ནས“1+7+13”གྱི་རྣམ་པ་གསར་པ་ཆགས་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་རོགས་རམ་འོག་རང་ལྗོངས་ཀྱི“1+7+13”སྨན་ཁང་གི་གཙོ་གནད་ཚན་ཁག་འཛུགས་པར་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། སྨན་བཅོས་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་བཅས་བྱུང་ཡོད།

    གཙོ་གནད་རྫོང་སྨན་ཁང་13གྱིས་བོད་སྐྱོར་རིགས་གཅིག་མཁས་ཅན་ཚོའི་རོགས་རམ་འོག སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྨན་བཅོས་ཚོགས་པ་རོགས་ཁྲིད་བྱས་པ་དང་ས་གནས་དེ་གའི་སྨན་དོན་མི་སྣ་གསོ་སྦྱོང་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྨན་ཁང་གི་དོ་དམ་ཆུ་ཚད་མཐོ་རུ་བཏང་བ།

    “ཚོགས་པས་ཚོགས་པའི་སྣེ་ཁྲིད་པ་དང་། རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པ་ཁྲིད་པ། དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པ”བཅས་ཀྱི“རྒྱུད་རོགས་ཁྲིད”གསུམ་གྱི་ལམ་སྲོལ་ནི་བོད་སྐྱོར་ལས་དོན་གྱི་སྲོག་ཤིང་ཡིན། བོད་སྐྱོར་རིགས་གཅིག་མཁས་ཅན་ཚོས“གདན་དྲངས་པ”དང“ཕྱིར་སྐྱོད་པ”སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་བོད་ལ“ཡུན་རིང་གནས་ཐུབ་པའི་སྨན་བཅོས་ཤེས་ལྡན་པ”གསོ་སྐྱོང་ཤུགས་ཆེན་བྱས་ཏེ“གཞན་རྟེན”ནས“རང་རྟེན”བར་གཞི་རྩའི་འགྱུར་ལྡོག་བྱུང་ཡོད།

    པེ་ཅིང་ཞེ་ཧོ་སྨན་ཁང་གི་བོད་སྐྱོར་རིགས་གཅིག་མཁས་ཅན་དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཡོན་ཀྲང་ཝུའུ་ཏུང་གིས“དགེ་རྒན་གྱིས་དགེ་ཕྲུག་འཁྲིད་རྒྱུ”དེ་ཤེས་ལྡན་པ་གསོ་སྐྱོང་གི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་གི་ཡོད། ཝུའུ་ཏུང་གིས“ལས་ཀའི་རྣམ་འགྱུར་ལེགས་པ་དང་མངོན་མེད་སྟོབས་ཤུགས་ལྡན་པའི་དགེ་ཕྲུག་སྔོན་ལ་པེ་ཅིང་དུ་སློབ་སྦྱོང་བྱེད་པར་གཏོང་གི་ཡོད། དུས་མཚུངས་སུ་པེ་ཅིང་གི་རིགས་གཅིག་མཁས་ཅན་བོད་དུ་གདན་དྲངས་ནས་ས་གནས་དེ་གའི་ན་གཞོན་སྨན་པ་དང་མཉམ་དུ་གཤགས་བཅོས་བྱས་པ་དེས་ནད་པའི་ནད་གཞི་བཅོས་ཐུབ་པ་མ་ཟད་ས་གནས་ས་ཐོག་ཏུ་སློབ་ཁྲིད་ཀྱང་བྱེད་ཐུབ་ཀྱི་ཡོད”ཅེས་བཤད། ཝུའུ་ཏུང་གིས་ལག་ལེན་དངོས་ལ་བརྟེན་ནས་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་ཞིབ་འཇུག་སློབ་མའི་སློབ་དཔོན་ལ་རེ་ཞུ་ལེགས་གྲུབ་བྱུང་ནས་ཆེད་ལས་ཅན་གྱི་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱས་ཡོད། ཁོང་གིས“ནུས་ཤུགས་ཡོད་རྒུས་ཁོང་ཚོ་གསོ་སྐྱོང་བྱས་ཚེ། ནམ་ཞིག་ང་རང་འདི་ནས་ཁ་བྲལ་རུང་སློབ་མ་ཚོ་སྔར་བཞིན་འདི་གར་གནས་པ་དང་ལེགས་སྐྱེས་ཀྱང་སྔར་བས་ཞུ་ཐུབ”ཅེས་བཤད།

    གྲངས་གཞི་ལས་ར་སྤྲོད་བྱས་པར། 2024ལོ་ཁོ་ནར་ཁག་10པའི་བོད་སྐྱོར་རིགས་གཅིག་མཁས་ཅན་384ཡིས་ས་གནས་དེ་གའི་སྨན་དོན་པ་286ལ་རོགས་རམ་དང་སྣེ་ཁྲིད་བྱས་པ་དང་། ལག་རྩལ་གསར་པ་དང་ལས་སྒོ་གསར་པ་ཁག་473ཁྱབ་གདལ་བཏང་བ། སྔོན་ཐོན་ཉམས་མྱོང་ཁག་242བསླབས་པ་བཅས་བྱས་ཡོད།

    བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་བ་དང་བསྟུན་ནས་སྨན་ཁང་དོ་དམ་བྱ་རྒྱུ་དེ་འགག་རྩའི་འཇུར་མིག་ཏུ་གྱུར་ཡོད། “1+7”སྨན་ཁང་ནང་ནས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་ཕུད། ཚང་མས་2020ལོའི་གོང་དུ“ཀ་པ་རིམ་པ་གསུམ་པ”བདེ་བླག་ངང་འཛུགས་གཏོད་བྱས་པ་མ་ཟད། 2025ལོར་བསྐྱར་ཞིབ་བདེ་བླག་བྱུང་ཡོད།

    ལོ་གསུམ་རིང་། སྤུས་འབྲས་ལེགས་གཉེར་བྱུང་ནས་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ནི་ལ་ཀླུང་མང་པོ་བརྒལ་བའི་ཚེ་སྲོག་གི་འབྲེལ་མཐུད་ཅིག་རེད་ལ། མི་རིགས་མཐུན་སྒྲིལ་དང་ཐུན་མོང་འཕེལ་རྒྱས་ཀྱི་དུས་རབས་ཀྱི་བསྟོད་གླུ་ཞིག་ཀྱང་རེད། བོད་སྐྱོར་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་བ་དང“རང་རྟེན”ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས། རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ཆུ་ཚད་སྔར་བས་མཐོ་བ་དང་སྤུས་ཚད་སྔར་བས་ལེགས་པའི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།