དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • བོད་ཀྱིས་ཚན་རྩལ་ནུས་ཤུགས་ལ་བརྟེན་ནས་བདེ་འཇགས་ཐོན་སྐྱེད་ཀྱི་རྒྱུགས་ལན་ཡག་པོ་ཕུལ་བ།

    ཚན་རྩལ་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། དབྱང་ཡུས་ཧང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-17

    ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་ཚན་རྩལ་གསར་གཏོད་སྒུལ་ཤུགས་སུ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་སུ་རྒྱུགས་ལན་ཡག་པོ་ཞིག་ཕུལ་བ་སྟེ། ལྗོངས་ཡོངས་ཀྱི་ལས་འཛོལ་ཚབས་ཆེ་བའི་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱེད་ཚད་99%ཟིན་པ་དང་། བདེ་འཇགས་ཐོན་སྐྱེད་ཚད་ལྡན་ཅན་འཛུགས་གཏོད་ཀྱི་ཁེ་ལས་251ཟིན་པ། ཟོག་འབྲེལ་དྲ་རྒྱ་དང་། གྲངས་གཞི་ཆེན་མོ། མི་ཐབས་རིག་ནུས་སོགས་ལག་རྩལ་གསར་ཤོས་བཀོལ་སྤྱོད་གཏིང་ཟབ་བྱས་པ་བརྒྱུད་ཚན་རྩལ་གྱིས་འཛམ་གླིང་ཡང་རྩེའི་བདེ་འཇགས་ཐོན་སྐྱེད་ཀྱི་རྣམ་པ་ཞིག་བསྐྱར་སྐྲུན་བྱེད་བཞིན་ཡོད་པ་རེད།

    ས་བབ་སྨི་4600ཟིན་པའི་རྒྱ་མ་གཏེར་ཁུལ་དུ་ལག་རྩལ་པ་བཀྲ་ཤིས་ཀྱིས་ནང་འདྲེན་བྱས་མ་ཐག་པའི་གཟུགས་བགོད་རྣམ་པའི་བརླན་སྟོར་འཕྲུལ་ཆས་ལ་སྙོམ་སྒྲིག་ཚོད་ལྟ་བྱེད་བཞིན་དུ“དེ་གོང་འདེགས་སྲུང་ལས་སྒྲུབ་ཀྱི་ཐལ་རྡུལ་ཚད་གཞི་བརྒལ་ནས་ཉིན་ལྟར་ཉེན་བརྡ་གཏོང་གི་ཡོད། ད་ལྟ་བརླན་སྟོར་བཟོ་རྩལ་དེས་ལས་སྒྲུབ་ཁོར་ཡུག་གི་PM2.5དེ་80%ཆག་འདུག”ཅེས་བརྗོད།

    ཧྭ་ཐའེ་ལུང་གཏེར་ལས་ཀྱི་ས་འོག་གཏེར་ཁུལ་དུ་སླེབས་སྐབས་གསོར་འཁོར་གྱིས་སྐར་མ་རེར་འཁོར་ཐེངས་24000གི་མྱུར་ཚད་ཀྱིས་བྲག་ངོས་འབིགས་་བཞིན་ཡོད་པ་དང་དེ་ལས་ཐོར་བའི་ཆུ་ཟེགས་དག་གཏེར་ཁུལ་གྱི་གློག་སྒྲོན་འོག་ཚོན་མདོག་རྣམ་པར་བཀྲ་བའི་འཇའ་ཚོན་ལྟར་ཡོད་པ་མཐོང་བྱུང་། “དེ་སྔའི་མི་བརྒྱད་ཀྱི་ལས་འབོར་དག་ད་ཆ་སྒྲིག་ཆས་གཅིག་གིས་ཆུ་ཚོད་2ནང་ཚར་གྱི་འདུག”ཀུང་སི་དེའི་བདེ་འཇགས་འགན་འཁུར་བས་ཚོད་འཛིན་བརྙན་ཤེལ་ཐོག་གི་རྩ་གསུམ་འདྲ་བཟོའི་པར་རིས་སྟོན་བཞིན་དུ་གསོར་འཁོར་9སྤྱད་པ་བརྒྱུད་གཏེར་ཁ་སྔོག་པའི་ལས་ཕྱོད་ལྡབ་7འཕར་བས་ལས་ཀ་བྱེད་མཁན་60%ཉུང་དུ་བཏང་ཡོད་ཅེས་བརྗོད།

    འཕོ་འགྱུར་དེ་འདྲ་བྱུང་དོན་ནི་བོད་ཀྱི་ཚན་རྩལ་གྲུབ་འབྲས་ཀྱིས་མཐུན་རྐྱེན་སྦྱར་བའི་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་རིང་གི་བྱ་སྤྱོད་ལ་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་པས་རེད། རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གི་གྲངས་གཞི་ལས་མངོན་པར། གཞི་ཁྱོན་ཡན་གྱི་གཏེར་འདོན་ཁེ་ལས་14ཡི་རིག་ནུས་ཅན་གྱི་སྒྱུར་བཀོད་ལ་མ་དངུལ་སྒོར་དུང་ཕྱུར་5ལྷག་ཙམ་བཏང་ཞིང་། ཅུས་ལུང་དང་། ཧྭ་ཐའེ་ལུང་། ཡུས་ལུང་བཅས་ཁེ་ལས་གསུམ་4Aརིམ་པའི་རིག་ནུས་གཏེར་རིའི་ཚད་གཞིར་སླེབས་ཡོད་པ་རེད།

    གངས་རྡིབ་ཡང་སེ་རྒྱག་པའི་ཁྲབ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ་རྒྱུད་དུ་རྒྱལ་ནང་གི་གངས་རྡིབ་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡའི་མ་ལག་ཐོག་མ་བཙུགས་ཡོད། ཉིང་ཁྲི་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་གངས་རྡིབ་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡའི་མ་ལག་གི་ཚོད་ལྟའི་འགན་འཁུར་བས་རི་སྐེད་དུ་བཙུགས་པའི་ལེ་ཏའི་ས་ཚིགས་ལ་མཛུབ་མོ་འཛུགས་བཞིན་དུ“མ་ལག་འདིར་སྲུང་སྐར་རྒྱང་ཚོར་དང་། ས་ངོས་འདར་འཁྲུག་ལྟ་ཞིབ་ཚད་ལེན། གནམ་གཤིས་གཞི་གྲངས་བཅས་ཚང་མ་འདུས་ཡོད་པས་ཆུ་ཚོད་72གྱི་སྔོན་ལ་གངས་རྡིབ་ཀྱི་ཉེན་ཁ་སྔོན་དཔག་བྱེད་ཐུབ”ཞེས་ངོ་སྤྲོད་བྱས། 2023ལོ་དང་2024ལོའི་དགུན་དུས་སུ་མ་ལག་གིས་ཉེན་ཁ་ཚབས་ཆེན་ཡོད་པའི་ཉེན་བརྡ་ཐེངས་3བདེ་བླག་ངང་བཏང་ནས་བཟོ་སྐྲུན་རླངས་འཁོར་2000ལྷག་ཙམ་བདེ་འཇགས་ངང་སྐྱོད་ཐུབ་པ་བྱུང་ཡོད། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས“གངས་རིའི་སོ་དམག”དེ་ཡང་ལས་གྲྭ་གལ་ཆེན་སྲུང་བའི་སྲུང་བཅད་གསར་པ་ཞིག་ཏུ་འགྱུར་རྒྱུ་རེད།

    རིག་ནུས་གཏེར་རི་ནས“གངས་རིའི་སོ་དམག”བར་བོད་ཀྱིས“ལག་རྩལ་འགག་སྒྲོལ་དང་ལས་ཡུལ་དང་འཚམ་པ་ཟུང་འབྲེལ”གྱི་གསར་གཏོད་བྱེད་སྟངས་བརྒྱུད་ཚན་རྩལ་གྲུབ་འབྲས་དེ་བདེ་འཇགས་ཐོན་སྐྱེད་ཀྱི“འགྲན་མེད་སྲུང་བཅད”དུ་བསྒྱུར་ནས་བདེ་འཇགས་ཐོན་སྐྱེད་བཅོས་སྐྱོང་དེ“གནད་ལ་འཁེལ་བའི་ཤེས་ཚོར་དང་། རིག་ནུས་ཀྱི་སྔོན་ཚུད་ཉེན་བརྡ། ལས་ཕྱོད་ཆེ་བའི་ཐག་གཅོད་བཅས་ཀྱི་བློ་རིག་ཅན་གྱི་དུས་མཚམས་གསར་པར་དངོས་སུ་སླེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།