དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སྦྱངས་འབྲས་ཞན་པའི་སློབ་མའི་རྒྱུ་རྐྱེན་དང་ཡར་རྒྱས་ཡོང་ཐབས་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-11

    འཛིན་གྲྭ་ཚང་མར་བལྟོས་བཅས་ཀྱིས་ཕུལ་བྱུང་སློབ་མ་དང་སྦྱངས་འབྲས་ཞན་པའི་སློབ་མ་དབྱེ་རྒྱུ་ཡོད་ཅིང་། སྦྱངས་འབྲས་ཞན་པའི་སློབ་མའི་རྒྱུ་རྐྱེན་ལ་བརྟག་ན། ཁྱིམ་ཚང་དང་། སློབ་གྲྭ སློབ་མ་བཅས་ཚང་མ་དང་འབྲེལ་བ་ཡོད་དེ། འདིར་གུས་མོས་མི་ལོ་མང་པོའི་སློབ་ཆུང་སློབ་མའི་འཛིན་བདག་ཅིག་གི་མྱོང་བ་ཅུང་ཟད་ལ་བརྟེན་ནས་སྦྱངས་འབྲས་ཞན་པའི་སློབ་མའི་རྒྱུ་རྐྱེན་འཚོལ་ཞིབ་དང་། དེར་དམིགས་ནས་ཡར་རྒྱས་ཡོང་ཐབས་དང་ལེགས་བཅོས་བྱེད་ཐབས་འགའ་ཞིག་གླེང་ཁུལ་བྱ་རྒྱུ་སྟེ།

    དང་པོ། སྦྱངས་འབྲས་ཞན་པའི་སློབ་མའི་རྒྱུ་རྐྱེན་བརྟག་པ།

    ཁྱིམ་ཚང་གི་ངོས་ནས་བརྗོད་ན། ཁ་རྒྱུན་དུ“ཟ་ལུགས་འགྲོ་ལུགས་སྡོད་ལུགས་གསུམ། དྲིན་ཆེན་ཕ་མའི་བསླབ་བྱ་ཡིན”ཞེས་པ་དང་སྔ་མའི་གཏམ་དཔེར་ཡང“ཕ་རྒྱུད་བུ་ལ་མ་ཁྲིད་ན། རི་བོང་ཤོ་ཏོ་གང་ནས་ཡོང”ཞེས་པ་ལྟར་ཕ་མ་ནི་བུ་ཕྲུག་གི་དགེ་རྒན་ཐོག་མ་དང་། ཁྱིམ་ཚང་ནི་བུ་ཕྲུག་གི་སློབ་གྲྭ་དང་པོ་དེ་ཡིན་པས་བྱིས་པའི་དུས་ཀྱི་གོམས་གཤིས་མང་དག་ཅིག་ནི་ཁྱིམ་ཚང་དང་ཁ་འབྲལ་ཐབས་མེད་ལ། བུ་ཕྲུག་གི་མི་ཚེ་ཧྲིལ་པོར་ཆེས་འགག་རྩ་དང་རྨང་གཞིར་འགྱུར་བ་ཞིག་ནི་ཁྱིམ་ཚང་སློབ་གསོ་ལས་མ་འདས། ཁྱིམ་བདག་གིས་གཅེས་ལང་བྱམས་བརྩེར་འཁྲུལ་ནས་བུ་ཕྲུག་གི་སློབ་སྦྱོང་གོམས་གཤིས་དང་རྣམ་འགྱུར་སོགས་ལ་སྣང་མེད་བཏང་དྲགས་ན། སློབ་མ་དེ་རིགས་ནི་སྤྱིར་སློབ་སྦྱོང་ལ་སྤྲོ་སྣང་མེད་ལ། གོམས་གཤིས་ངན་པ། སློབ་གྲོགས་གཞན་དང་ཡང་མི་མཐུན་ཤས་ཆེ་བས། རིམ་བཞིན་ཁོ་ཚོ་ནི་དགེ་སློབ་ཀྱི་མིག་ལམ་ནས་སྦྱངས་འབྲས་ཞན་པའི་སློབ་མར་འགྱུར་བ་རེད།

    སློབ་གྲྭའི་ངོས་ནས་བརྗོད་ན། སྲོལ་རྒྱུན་སློབ་ཁྲིད་ཐབས་ལམ་གྱིས་དགེ་སློབ་ཚང་མར་སློབ་ཁྲིད་ཚད་གཞི་གཅིག་གྱུར་དང་། མྱུར་ཚད་གཏན་འབེབས་བཟོས་པས་སློབ་སྦྱོང་གི་ནུས་པ་ཅུང་ཟད་ཞན་པའི་སློབ་མས་རྗེས་ཟིན་དཀའ་བ་མ་ཟད། དགེ་རྒན་མང་པོས་ཁོ་ཚོར་ཆེད་དམིགས་ཀྱིས་ལྟ་རྟོག་དང་སེམས་ཁུར་བྱ་རྒྱུ་མ་འདང་བས། སློབ་མ་དེ་རིགས་རང་བཞིན་གྱིས་སློབ་མ་གཞན་དང་ཐག་ཇེ་རིང་དུ་སོང་སྟེ། སློབ་སྦྱོང་བྱེད་སེམས་ཞན་པ་དང་། རང་ལ་ཡིད་ཆེས་ཀྱི་བསམ་པ་ཇེ་ཆུང་དུ་འགྲོ་ངེས།

    སློབ་མ་རང་སྒེར་གྱི་ངོས་ནས་བརྗོད་ན། མི་སུམ་ཅུར་བསམ་བློ་སུམ་ཅུ་དང་། མཛོ་སུམ་ཅུར་རྭ་ཅོ་དྲུག་ཅུ་ཞེས་པ་ལྟར་སློབ་མ་མི་རེ་ངོ་རེའི་ཤེས་རྟོགས་ཆུ་ཚད་དང་། སློབ་སྦྱོང་གི་གོམས་གཤིས། ཤེས་རིག་གི་སྤྲོ་སྣང་སོགས་ལ་བར་ཁྱད་ངེས་ཅན་ཡོད། ལ་ལ་ནི་སློབ་སྦྱོང་ལ་རང་སེམས་དེ་ཙམ་མི་གནས་པ་དང་། སློབ་སྦྱོང་གི་ཐབས་ཤེས་མི་འདང་བ། སློབ་ཚན་མང་པོར་རྣམ་གཡེང་ཤོར་བ་སོགས་ཀྱི་རྐྱེན་གྱིས་སྦྱངས་འབྲས་གཞན་ལས་སྐྱོ་བས། རྟག་ཏུ་སྐྱོན་བརྗོད་དང་ཟུར་ཟ་ཁོ་ནས་དྲ་རྒྱའི་རོལ་རྩེད་སོགས་ཀྱི་སྟེང་ནས་སྤྲོ་སྣང་གཞན་ཞིག་འཚོལ་བར་བྱེད་པས་རིམ་བཞིན་སེམས་ལ་སྤོབས་པ་མེད་པར་དོན་དངོས་ལ་བསུན་སྣང་དང་སྐྲག་སྣང་གིས་སློབ་སྦྱོང་བྱེད་སེམས་མེད་པར་གྱུར་ཡོད།

    གཉིས་པ། སྦྱངས་འབྲས་ཞན་པའི་སློབ་མ་ཡར་རྒྱས་ཡོང་ཐབས།

    དེ་ཡང་ང་ཚོས་སྦྱངས་འབྲས་ཞན་པའི་སློབ་མའི་རྒྱུ་རྐྱེན་དག་ལ་ངེས་ཤེས་བྱུང་རྗེས། ཇི་ལྟར་བྱས་ནས་སྦྱངས་འབྲས་ཞན་པའི་སློབ་མ་རྣམས་གང་མགྱོགས་ཡར་རྒྱས་ཡོང་བར་བྱ་རྒྱུ་ནི་འགག་རྩ་ཡིན་ཞིང་། དེའི་སྐོར་ལ་རང་གི་ཉམས་མྱོང་མདོར་བསྡུས་གླེང་བར་བྱ།

    གཅིག གོམས་གཤིས་བཟང་པོ་འཇགས་ཐབས་འཚོལ་དགོས།

    སློབ་གསོ་བ་ཡེ་ཧྲེང་ཐའོ་ཡིས“སློབ་གསོ་ནི་གོམས་གཤིས་ལེགས་པོ་ཞིག་གསོ་སྐྱོང་བྱེད་པ་སྟེ། སློབ་གསོའི་ཚད་གཞི་ནི་གོམས་གཤིས་ལེགས་པོ་ཞིག་འཁྱོངས་ཡོད་མེད་ལ་ལྟ་རྒྱུ་དེ་ཡིན”ཞེས་གསུངས་པ་ལྟར། སློབ་ཕྲུག་གི་ཉིན་གཅིག་གི་བྱ་སྤྱོད་ཀྱི་བརྒྱ་ཆའི་གོ་ལྔ་ནི་རང་ཉིད་ཀྱི་སློབ་སྦྱོང་གི་གོམས་གཤིས་ཀྱིས་ཐག་གཅོད་པས། ཐོག་མར་ཁོ་ཚོའི་ཞོགས་པའི་རང་འགུལ་ཀློག་འདོན་ནས་འགོ་བཙུགས་ཏེ། སློབ་ཁང་སྒྲིག་བཀུར། རང་མོས་རང་སྦྱོང་། སྦྱང་གཞི་རང་འགྲུབ། སློབ་ཟིན་བསྐྱར་སྦྱོང་། བསླབ་རྒྱུར་སྔོན་སྦྱོང་སོགས་ཀྱི་གོམས་གཤིས་ཕྲ་རགས་རྣམས་ལེགས་བཅོས་བྱེད་དགོས་པ་མ་ཟད། བཟང་སློབ་ན་ལོ་གསུམ་དང་། ངན་སློབ་ན་ཉིན་གསུམ་ཞེས་པའི་དཔེ་ལྟར་དགེ་རྒན་རང་ངོས་ལའང་ངང་རིང་གི་བསམ་རྒྱ་ཡོད་དགོས་པའང་ཟུར་བལྟས་ལེབ་མཐོང་ཡིན།

    གཉིས། སྣོད་བསྟུན་གྱི་སློབ་ཁྲིད་ཐབས་ལམ་ལ་འབད་དགོས།

    དགེ་རྒན་གྱིས་སློབ་མ་ཀུན་ལ་ཁ་ཕྱོགས་ཏེ་གཅིག་གྱུར་གྱི་བླང་བྱ་འདོན་དགོས་ལ། བྱེ་བྲག་གི་ཁྱད་པར་ལ་ཡང་ལྟ་རྟོག་བྱེད་དགོས་ཤིང་། ཐུན་མོང་གི་སློབ་ཁྲིད་དང་བྱེ་བྲག་གི་སློབ་སྟོན་གཉིས་ཟུང་འབྲེལ་བྱ་རྒྱུ་ནི་སྣོད་བསྟུན་སློབ་ཁྲིད་ཀྱི་སློབ་གསོའི་རྩ་དོན་ཞིག་རེད། འཛིན་གྲྭ་གཅིག་གི་སློབ་མ་མང་པོར་རང་རང་གི་སྒེར་གཤིས་རེ་རེ་གྲུབ་ཡོད་རྐྱེན། ང་ཚོས་སློབ་མ་རྣམས་ཀྱི་སློབ་སྦྱོང་དང་བསམ་བློའི་བྱང་ཚད་ལ་གཞིགས་ཏེ་རིམ་བགར་རིགས་དབྱེ་བྱས་ཏེ། སློབ་ཁྲིད་དང་སློབ་ཕྱིའི་ཟུར་ཁྲིད་ཀྱི་གོ་སྐབས་མང་ཙམ་སྤྱད་དེ་གཅིག་ནས་སློབ་མར་དཀའ་གནད་འགྲེལ་བཤད་དང་། གཙོ་གནད་ཀྱི་སྦྱང་གཞིའི་ནང་དོན་ལ་མཛུབ་སྟོན་ཟུར་ཁྲིད། དོན་དགོངས་དང་ནད་དགོངས་སོགས་ཀྱིས་སློབ་ཚན་ཆད་པའམ་རྨང་གཞི་ཞན་པའི་སློབ་མར་ཟུར་ཁྲིད་གང་ཐུབ་བྱས་ཚེ། རིམ་བཞིན་ཁོ་ཚོའི་སློབ་སྦྱོང་གི་དཀའ་ངལ་སེལ་བར་རོགས་རམ་དང་། ནང་སེམས་ལ་དྲོད་ཁོལ་སྦྱིན་ཐུབ།

    གསུམ་པ། ཁྱིམ་སློབ་ཟུང་འཇུག་གིས་འབྲེལ་འདྲིས་ལ་འབད་དགོས།

    མང་པོ་གཅིག་ཏུ་བློ་མཐུན་ན། ཆེན་པོ་ཡིས་ཀྱང་ཐུབ་པར་དཀའ་ཞེས་པ་ལྟར་བུ་ཕྲུག་བཟང་པོ་ཞིག་གསོ་སྐྱོང་བྱེད་པར་སློབ་གྲྭ་དང་དགེ་རྒན་ཙམ་མ་ཟད། ཁྱིམ་ཚང་དང་ཕ་མ་གཉིས་ནས་ཀྱང་ཕྱར་བ་གྲུ་འདེགས་བྱ་དགོས་པས། དགེ་རྒན་གྱིས་དུས་ཐོག་ཏུ་སློབ་མའི་དངོས་ཡོད་ཀྱི་གནས་ཚུལ་ཁྱིམ་བདག་ལ་གསལ་བཤད་དང་། ཁྱིམ་བདག་གིས་ཀྱང་ཕྲུ་གུའི་ཁྱིམ་ཚང་གི་གནས་ཚུལ་དངོས་ཇི་བཞིན་དུ་དགེ་རྒན་ལ་ཤོད་པ། ད་དུང་སློབ་མའི་སྦྱངས་འབྲས་གློ་བུར་ཞན་དུ་སོང་བའམ། བསམ་སྤྱོད་ཐད་ནས་མངོན་གསལ་གྱི་འགྱུར་བ་གང་ཞིག་བྱུང་ཡང་དུས་ཐོག་ཏུ་ཕན་ཚུན་འབྲེལ་བ་བྱས་ཏེ། གང་འཚམ་གྱིས་བགྲོ་གླེང་བྱས་ན་ཕོ་རབ་གཅིག་གི་བློ་གྲོས་ལས། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ་ཞེས་པའི་དཔེ་ལྟར་བུ་ཕྲུག་བཟང་བཅོས་མྱུར་མགྱོགས་སུ་ཡོང་བ་ཡིན་པས་ཁྱིམ་སློབ་ཟུང་འཇུག་ནི་སློབ་གསོའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཡིན་པ་ཤེས་དགོས།

    བཞི་པ། དགེ་རྒན་རང་ངོས་ཀྱི་ལྟ་སྤྱོད་ལ་འགྱུར་བ་གཏོང་དགོས།

    དགེ་རྒན་གྱིས་སློབ་མའི་གནས་སྐབས་ཀྱི་བྱ་སྤྱོད་དང་སྦྱངས་འབྲས་ཁོ་ནར་བལྟས་ཏེ། སློབ་མའི་ཡོད་ཚད་ཐག་གཅོད་བྱེད་པ་དང་། སྐབས་འཕྲལ་གྱི་སྤྱོད་ལམ་ཐན་ཐུན་ཙམ་གྱིས་སློབ་མར་དུས་ཡུན་རིང་མོའི་ལྟ་སྟངས་ངན་པ་འཛིན་མི་རུང་། སེམས་ཁམས་རིག་པ་བས། རྒྱ་སེ་མེ་ཏོག་ནི་དུས་བཞིའི་འགྱུར་བ་དང་བསྟུན་ནས་མཚམས་རེ་ཚེར་མས་ཁེངས་སྲིད་ལ། མཚམས་རེ་མེ་ཏོག་གིས་མཛེས་པར་བྱེད། གལ་ཏེ་མི་ཞིག་གིས་ཚེར་མ་མ་གཏོགས་མིག་ལམ་དུ་མ་བཞག་ན་དུས་ནམ་ཡིན་ཡང་མེ་ཏོག་གི་མཛེས་པར་རོལ་མི་ཐུབ། ཅེས་བཤད་པ་ལྟར་དགེ་རྒན་ཞིག་གི་ངོས་ནས་སློབ་མའི་རང་གཤིས་ཀྱི་མཛེས་པ་སྔོག་འདོན་དང་། མི་གཞིའི་རིན་ཐང་སོགས་ལ་སྐུལ་འདེད་ཀྱིས་གསོ་སྐྱོང་བྱེད་དགོས་པ་ལས། རྟག་པར་སྦྱངས་འབྲས་ཁོ་ན་ཚད་གཞིར་བཟུང་ན་མི་འགྲིག དེས་ན། དགེ་རྒན་གྱིས་སློབ་མ་དེའི་རིགས་ལ་དམིགས་བསལ་གྱི་བྱམས་བརྩེ་དང་། ལྟ་རྟོག སེམས་ཁུར་བྱས་ཚེ། ནུས་པ་མི་ཐོན་པ་ག་ལ་སྲིད།

    ལྔ་པ། སློབ་མའི་སེམས་ཤུགས་འཕེལ་བ་བྱེད་དགོས།

    སེམས་ཁམས་རིག་པ་བ་ལེན་ཁྲུན་མུའུ་སིས“མིའི་རང་གཤིས་ནང་གི་རྩ་བའི་རེ་འདུན་ནི་རང་ལ་བསྟོད་བསྔགས་ཐོབ་འདོད་པ་དེའོ”ཞེས་གསུངས་པ་བཞིན་སློབ་ཆུང་སློབ་མ་ནི་ན་ཚོད་དང་། བསམ་བློའི་བྱང་ཚད་སོགས་མ་སྨིན་པའི་དབང་གིས་ལུས་སེམས་གཉིས་ནས་འཕེལ་འགྱུར་འགྲོ་མགྱོགས་ལ། འགྲོ་འདུག་སྤྱོད་གསུམ་གང་ཐད་ནས་མི་གཞན་གྱི་བསྟོད་བསྔགས་ཐོབ་རེ་དང་། ལྷག་པར་དུ་སྦྱངས་འབྲས་ཞན་པ་ཞིག་ཡིན་ན། དེ་བས་ཀྱང་རང་གི་འཕེལ་རྒྱས་དང་འགྱུར་ལྡོག་ལ་མི་གཞན་གྱིས་ཁས་ལེན་བྱེད་པའི་རེ་སྒུག་ཆེན་པོ་འཆང་མུས་རེད།

    མདོར་ན། སྦྱངས་འབྲས་ཞན་པའི་སློབ་མའི་སློབ་གསོ་ནི་སློབ་གསོའི་ལས་གཞིའམ་ཞིབ་འཇུག་གི་གནད་དོན་གལ་ཆེན་ཞིག་ཡིན་གཤིས། ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་སོགས་གང་ཐད་ནས་བློ་གྲོས་མཉམ་སྡུད་དང་། རིག་པས་ཞིབ་བསྡུར་གྱིས་འབད་བརྩོན་བྱེད་དགོས་པ་ཞིག་ཡིན་ལ། མ་འོངས་སློབ་གསོའི་དངོས་ཡོད་ལག་ལེན་ཁྲོད་ནས་ཐབས་ལམ་སྣ་ཚོགས་འཚོལ་ཞིབ་དང་གསར་སྤེལ་བྱེད་དགོས་པ་ཞིག་ཀྱང་ཡིན་པས། ང་ཚོས་ཉེ་རིང་ཆགས་སྡང་གི་ཕྱོགས་རིས་སྤངས་ལ། ཟུར་ཟ་སྡིགས་དམོད་དང་། རྩུབ་སྤྱོད་ལུས་ཆད་སོགས་དོར་ཏེ། སློབ་མ་ཕུལ་བྱུང་ཅན་ལ་མུ་མཐུད་སྐུལ་འདེད་དང་། སློབ་མ་འབྲིང་བ་དག་ཐབས་ཀྱིས་ཕུལ་བྱུང་ཅན་དུ་སྐྱེད་སྲིང་། སྦྱངས་འབྲས་ཞན་པའི་སློབ་མ་རྣམས་རིམ་བཞིན་སློབ་སྦྱོང་གི་རྗེས་ཟིན་པ་བཅས་བྱས་ཏེ། སློབ་མ་ཡོངས་ཀྱི་དཀའ་ཁག་སེལ་རོགས་དང་། མདུན་ལམ་མངོན་གཏོད་བྱེད་རྒྱུར་ཐབས་བརྒྱ་ཇུས་སྟོང་གིས་འབད་བརྩོན་བྱེད་དགོས་སོ།

    (ལྷ་ས་སློབ་ཆུང་དང་པོའི་བོད་ཡིག་ཚོགས་ཆུང་ཕུར་བུ་སྒྲོན་ལགས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།