དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཆུང་དུས་མཚམས་ཀྱི་ཁྱིམ་ཚང་སློབ་གསོའི་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-09

    སྤུས་ཚད་མཐོ་བའི་སློབ་གསོ་ནི་མིག་སྔར་སློབ་གསོ་གོང་འཕེལ་དང་སྒྱུར་བཅོས་གཏོང་བའི་དམིགས་ཚད་གལ་ཆེན་ཞིག་རེད། སློབ་མ་ཞིག་ཡར་རྒྱས་འགྲོ་བར་སློབ་གྲྭའི་དགེ་རྒན་དང་ཁྱིམ་བདག་གི་ཀུན་སྤྱོད་སློབ་གསོ་དང་འབྲེལ་བ་དམ་ཟབ་ཡོད་ལ། སློབ་མའི་བསམ་བློ་ཀུན་སྤྱོད་དང་། སློབ་མས་སློབ་སྦྱོང་དང་འཚོ་བ་བཅས་ལ་འཛིན་པའི་ལྟ་བའང་དགེ་རྒན་དང་ཁྱིམ་བདག་དང་འབྲེལ་བ་དམ་ཟབ་ཡོད། གལ་ཏེ་ཁྱིམ་བདག་དང་དགེ་རྒན་གྱི་ཀུན་སྤྱོད་དོ་དམ་གྱི་ནུས་པ་ཞན་པ་དང་། སློབ་མའི་ཕྱོགས་གང་ས་ཅི་ཐད་ལ་རྒྱུས་ལོན་སོགས་མེད་ཚེ། སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཤུགས་རྐྱེན་ངེས་ཅན་ཐེབས་སྲིད་པས། གནད་དོན་དེའི་ཐད་དགེ་རྒན་དང་ཁྱིམ་བདག་གཉིས་ནས་ཐག་གཅོད་ཡག་པོ་ཞིག་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་བརྟེན། གཤམ་དུ་ཁོ་བོས་དེ་འབྲེལ་གྱི་བསམ་ཚུལ་འགའ་ཞིག་གླེང་བར་འདོད།

    དང་པོ། གཞི་རིམ་དུ་ཁྱིམ་ཚང་སློབ་གསོའི་འགན་འཁྲི་ངེས་པར་དུ་ཁ་གསལ་ཡོད་དགོས།

    ཁྱིམ་ཚང་ནི་ཕྲུ་གུའི་སློབ་གྲྭ་དང་པོ་ཡིན་པ་དང་། ཕ་མ་ནི་བུ་ཕྲུག་གི་དགེ་རྒན་དང་པོ་དང་བུ་ཕྲུག་སློབ་གསོ་མྱོང་སའི་ཞིང་ས་ཐོག་མ་ཡིན་པ་མ་ཟད། ཞིང་ས་འདིར་ཆུ་ལུད་དྲོད་གསུམ་འདྲེན་མཁན་ཡང་ཡིན་པས། ལྷད་མེད་དྭངས་གཙང་གི་ཕྲུ་གུའི་རང་གཤིས་ལ་ཡང་དག་པའི་སློབ་གསོའི་ས་བོན་འདེབས་ཐུབ་མིན་ནི་ཁྱིམ་ཚང་སློབ་གསོར་ཐུག་ཡོད། འོན་ཀྱང་། གཞི་རིམ་དུ་ཁྱིམ་ཚང་སློབ་གསོའི་འགན་འཁྲི་ཁ་གསལ་མེད་པའི་སྣང་ཚུལ་མང་པོ་མངོན་བཞིན་འདུག གྲོང་ཁྱེར་དང་གཞི་རིམ་གྱི་སློབ་གསོའི་ཁྱད་པར་ནས་གླེང་ན། སློབ་གསོའི་ལམ་ལུགས་ལ་ཁྱད་པར་དེ་ཙམ་མེད་ཀྱང་། གྲོང་ཁྱེར་དུ་ཁྱིམ་བདག་དབར་ཕྲུ་གུར་སློབ་གསོ་རྒྱག་སྟངས་དང་། སློབ་སྦྱོང་གི་ཐབས་ཤེས། ཕྲུ་གུ་སྐྱོང་ཐབས་སོགས་གང་ས་ཅི་ཐད་ལ་སྤེལ་རེས་ཡང་ཡང་བྱེད་ཀྱི་ཡོད། འོན་ཀྱང་། གཞི་རིམ་དུ་ཁྱིམ་བདག་མང་ཆེ་བར་དེ་ལྟ་བུའི་བསམ་པའི་འདུ་ཤེས་མེད་པར་མ་ཟད། བུ་ཕྲུག་གི་སློབ་སྦྱོང་དང་འཚོ་བ་གཉིས་ཀར་སྣང་འཇོག་དེ་ཙམ་མི་བྱེད་ལ། བུ་ཕྲུག་སློབ་གྲྭར་བསྐྱལ་རྗེས་སློབ་སྦྱོང་དང་འཚོ་བའི་གང་ས་ཅི་ཐད་ལ་ཆེད་དུ་དགེ་རྒན་ལ་སྐད་ཆ་འདྲི་མཁན་ཧ་ལམ་མེད། ཏང་གི་སྲིད་ཇུས་བཟང་བ་དང་དངོས་པོའི་དཔལ་ཡོན་དར་རྒྱས་ཆེ་བའི་ད་ལྟའི་དུས་འདིར། གལ་ཏེ་ང་ཚོས་དཔལ་འབྱོར་ཁོ་ན་དོན་གཉེར་བྱེད་པ་ལས། སློབ་གསོར་སྣང་ཆུང་བཏང་ན་བཟང་པོ་གསུམ་ལྡན་གྱི་བུ་ཕྲུག་ཅིག་ག་ལ་སྐྱོང་ཐུབ། རྒྱུན་དུ་ཁྱིམ་བདག་ཚོས་བུ་ཕྲུག་གི་སྦྱངས་འབྲས་དང་ཀུན་སྤྱོད་བཟང་མིན་གྱི་རྩ་བ་ནི་ཕྲུ་གུ་ཁོ་ནར་ཐུག་པ་ལས་ཁྱིམ་ཚང་སློབ་གསོར་འབྲེལ་བ་ཆེན་པོ་ཡོད་པ་གཏན་ནས་ཤེས་ཀྱི་མེད་པས། ནམ་རྒྱུན་ཕྲུ་གུའི་སློབ་སྦྱོང་དང་འཚོ་བར་སྣང་འཇོག་མི་བྱེད་པར་སློབ་དཀྱིལ་ལམ་སློབ་མཇུག་སྦྱངས་འབྲས་ཁོ་ནར་སྣང་བ་གཏོང་བ་མ་ཟད། ད་དུང་ཁྱིམ་བདག་ཁག་གཅིག་གིས་ཕྲུ་གུའི་སྦྱངས་འབྲས་ཡག་པོ་མེད་ན་གཤེ་གཤེ་མང་པོ་གཏོང་བ་ཕུད། ད་དུང་ཉེས་རྡུང་ཡང་གཏོང་གི་ཡོད།

    ཕྲུ་གུར་སློབ་གསོ་གཏོང་དོན་ནི་གནས་སྐབས་ཀྱི་སྦྱངས་འབྲས་ཁོ་ནའི་ཆེད་དུ་ག་ལ་ཡིན་ཏེ། ཕ་མ་བཟང་པོ་ཞིག་ཡིན་ན་སློབ་མའི་ཕྱོགས་གང་ས་ཅི་ཐད་ལ་རྣམ་ཀུན་ནས་སྣང་འཇོག་བྱེད་སྲིད། དེས་ན། ཁྱིམ་བདག་ཚོས་བུ་ཕྲུག་གི་མ་འོངས་པའི་བདེ་སྐྱིད་དང་ཕུགས་བསམ་ལ་ཕྱོགས་ནས་ཁྱིམ་ཚང་གི་སློབ་གསོར་མཐོང་ཆེན་བྱེད་དགོས། 《ཁ་ཆེ་ཕ་ལུ》ལས། བྱ་ལུགས་བྱེད་ལུགས་ལྡན་པའི་ཕ་རྒན་ཚོ། འདོད་པ་ཅན་གྱི་ཆོས་པ་བརྒྱ་ལས་ལྷག་ཅེས་པ་ལྟར། ཁྱིམ་ཚང་གི་འཚོ་བའི་ཁྲོད་ཕ་མ་ཚོས་རང་ཉིད་ནས་འགོ་བརྩམས་ཏེ་རྒན་པར་གུས་ཞབས་དང་ཆུང་བར་བྱམས་སྐྱོང་། ཤོ་སྦག་རྒྱན་བཙུགས་ལ་སོགས་པའི་སྲོལ་ངན་མཐའ་དག་རིང་དུ་སྤངས་ནས། ཕྲུ་གུར་འཆམ་མཐུན་དང་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་གི་ཁོར་ཡུག་ཅིག་བསྐྲུན་ཚེ། ཕྲུ་གུའི་མ་འོངས་པའི་འཚོ་བའི་ཁྲོད་ཕ་མ་བཟང་པོའི་ཤུགས་རྐྱེན་ཐེབས་ཏེ། ཡ་རབས་ཚུལ་ལྡན་གྱི་མི་ཞིག་བྱེད་པའི་གོམས་གཤིས་འཇགས་ངེས་ཡིན། དེས་ན། ཕ་མས་ཕྲུ་གུར་རང་དཔེ་གཞན་སྟོན་གྱིས་མིག་དཔེ་བཟང་པོ་བསྟན་ནས་ཕ་མའི་འགན་འཁྲི་ཡག་པོ་འཁུར་དགོས།

    གཉིས་པ། དགེ་རྒན་དང་ཁྱིམ་བདག་ནས་རང་དཔེ་གཞན་སྟོན་བྱེད་དགོས།

    དགེ་རྒན་དང་ཁྱིམ་བདག་ནས་ཐོག་མར་སློབ་མར་བྱམས་སྐྱོང་དང་སྤེལ་རེས་ཡག་པོ་བྱེད་དགོས། བུ་ཕྲུག་གིས་ཕ་མ་དང་དགེ་རྒན་རྩ་བའི་རྩེ་ལ་ཁུར་གྱི་ཡོད་པས། ང་ཚོས་ཀྱང་ཁོང་ཚོར་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་དང་བརྩེ་བས་ཕྱུག་པའི་སློབ་གྲྭ་ཞིག་སྐྲུན་དགོས། ཁྱིམ་བདག་དང་དགེ་རྒན་གྱིས་བུ་ཕྲུག་གི་བསམ་པའི་སྐུལ་སློང་དང་བདེ་ཐང་སོགས་ལ་རྒྱུན་དུ་དོ་ཁུར་བྱེད་དགོས་པ་མ་ཟད། བུ་ཕྲུག་གི་མདུན་དུ་མིག་དཔེ་བཟང་པོའང་འདོན་དགོས། གང་ཞིག་གསེར་གྱི་རི་ལ་གནས་བཅས་ན། དེ་ཡི་འདབ་ཆགས་ཐམས་ཅད་གསེར་ལ་འགྱུར། གང་ཞིག་དུག་གི་རི་ལ་གནས་བཅས་ན། དེ་ཡི་འདབ་ཆགས་ཐམས་ཅད་དུག་ལ་འགྱུར་ཞེས་པ་ལྟར། དགེ་རྒན་དང་ཁྱིམ་བདག་གི་དུས་རྒྱུན་གྱི་སྐད་ཆ་ཤོད་སྟངས་དང་གོས་གྱོན་སྟངས་ལ་སོགས་པས་སློབ་མར་ཐད་ཀར་ཤུགས་རྐྱེན་ཐེབས་སྲིད་པས། དགེ་རྒན་དང་ཁྱིམ་བདག་ནས་རྒྱུན་དུ་ཐབས་དང་ཤེས་རབ་ལ་བརྟེན་ནས་ཁོང་ཚོར་མིག་དཔེ་བཟང་པོ་གང་མང་འདོན་རྒྱུ་ནི་ཧ་ཅང་གལ་འགངས་ཆེ། ཁྱིམ་བདག་དང་དགེ་རྒན་གྱི་ཀུན་སྤྱོད་ལེགས་ན་སློབ་མར་ཡང་རང་བཞིན་གྱིས་གོམས་གཤིས་བཟང་པོ་རང་རྒྱུད་ལ་འཇགས་ངེས་པ་བསྙོན་དུ་མེད།

    དེ་ཡང་ཐོག་མར་ཁྱིམ་ཚང་དྲོ་སྐྱིད་ལྡན་པ་ཞིག་སྐྱོང་བའི་ཆེད་དུ་བུ་ཕྲུག་ལ་བསམ་ཤེས་དང་། བརྩི་བཀུར། ཡིད་ཆེས་བརྟན་པོ་བྱེད་དགོས། ཕ་མ་གཉིས་ལའང་ལས་ཀའི་ཞོར་དུ་དཔེ་ཀློག་གི་གོམས་གཤིས་བཟང་པོ་དང་དཀའ་སྡུག་ལ་མི་སྐྲག་པའི་སྙིང་སྟོབས་སོགས་དེ་བས་ཀྱང་ལྡན་དགོས། དེས་མ་ཚད་མིག་དཔེར་འོས་པའི་ཁྱིམ་མཚེས་སམ་སྤྱི་ཚོགས་ཐོག་གི་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣར་སློབ་སྦྱོང་བྱེད་དགོས་ལུགས་ཀྱི་བསླབ་བྱ་བྱས་ཚེ། ད་གཟོད་ཤོག་བུ་སྣུམ་ཟོས་བཞིན་བུ་ཕྲུག་གིས་སློབ་སྦྱོང་ལ་འཛིན་པའི་སྤྲོ་སྣང་ཆེ་རུ་འགྲོ་བ་དང་བུ་ཕྲུག་གིས་ཀྱང་རང་འགུལ་ངང་ཕ་མའི་གམ་དུ་སློབ་སྦྱོང་ལ་བརྩོན་པ་ཆུ་མོའི་རྒྱུན་བཞིན་བསྟེན་སྲིད། དེར་བརྟེན་ཕ་མས་རང་དཔེ་གཞན་སྟོན་གྱིས་མིག་དཔེ་བཟང་པོ་འདོན་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད།

    གསུམ་པ། ཁྱིམ་བདག་ནས་བུ་ཕྲུག་གཅེས་ལང་དུ་གཏོང་མི་རུང་།

    ཐོག་མར་བུ་ཕྲུག་འཚར་ལོངས་ཀྱི་བརྒྱུད་རིམ་ནང་སློབ་སྦྱོང་དང་འཚོ་བའི་གང་ཅིར་ནོར་འཁྲུལ་བྱུང་ན་ཐད་ཀར་སྐྱོན་བརྗོད་དྲག་པོ་བྱེད་རྒྱུ་མེད་ལ། ཉེས་རྡུང་དེ་བས་གཏོང་རྒྱུ་མེད། གང་ཡིན་ཟེར་ན། མི་ལ་སྐྱོན་མེད་པ་དང་ཤིང་ལ་འཛེར་པ་མེད་པ་ཞིག་གང་ན་ཡོད། འོན་ཀྱང་། རྒྱུན་གཏན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་ཕྲུ་གུས་ནོར་འཁྲུལ་ཡང་སེ་ཤོར་ན་ང་ཚོས་སྣང་མེད་དུ་གཏན་ནས་འཇོག་རྒྱུ་མེད། གང་ཡིན་ཟེར་ན་ཕྲུ་གུར་ཡག་ཉེས་འབྱེད་པའི་རྣམ་དཔྱོད་མེད་སྟབས། ཕྲུ་གུས་ནོར་འཁྲུལ་ཤོར་དུས་ང་ཚོས་དེ་ལ་དེ་བསྟུན་གྱིས་སློབ་གསོ་གཏོང་དགོས་པ་ནི་ཧ་ཅང་གལ་འགངས་ཆེ།

    ཉེ་བའི་ཆར། ཁྱིམ་བདག་མང་པོས་ཕྲུ་གུ་སྙིང་ནོར་ལྟ་བུར་བརྩིས་ནས་ཕྲུ་གུས་ལས་ཀ་ཡག་སྡུག་གང་བྱས་ཀྱང་འཛུམ་འཚེར་འཚེར་གྱིས་ཕྲུ་གུའི་འདོད་བློར་བསྟུན་གང་ཐུབ་བྱེད་ཀྱི་ཡོད། དེ་ནི་ཕྲུ་གུར་གཅེས་སྐྱོང་བྱས་པ་ཞིག་མིན་པར་གཅེས་ལང་དུ་བཏང་བ་ཞིག་རེད། གང་ཡིན་ཟེར་ན། ཕྲུ་གུ་མང་ཆེ་བས་ཡིན་མིན་དབྱེ་འབྱེད་ཤེས་ཀྱི་མེད་སྟབས། ཁྱིམ་བདག་ཚོས་ཕྲུ་གུར་ལམ་སྟོན་བྱེད་དགོས། གལ་སྲིད་དེ་ལྟར་ཉིན་ནས་ཟླ་དང་ཟླ་ནས་ལོ་བཅས་ཡུན་རིང་གཅེས་ལང་དུ་བཏང་ཚེ། མཐར་ཕྲུ་གུ་ལོག་ལམ་དུ་འགྲོ་ངེས་རེད། དེས་ན། བུ་ཕྲུག་གཅེས་ལང་དུ་གཏོང་བ་ནི་བྱམས་སྐྱོང་བྱས་པ་ཞིག་མིན་པ་བློ་ལ་བརྟན་པོར་ངེས་དགོས། ངག་རྒྱུན་དུ། “མི་གཅིག་ཡིན་ན་ཆུང་ནས་སྐྱོང་། རྟ་གཅིག་ཡིན་ན་རྟེའུ་ནས་གསོ”ཞེས་པའི་དཔེ་ལྟར། སློབ་ཆུང་དུས་ནི་བུ་ཕྲུག་ལ་སློབ་གསོ་གཏོང་བའི་དུས་ཚོད་ཡག་ཤོས་ཡིན་པས། ང་ཚོས་གོ་སྐབས་བཟང་པོ་དེར་དམ་འཛིན་ཡག་པོ་བྱས་ནས། སློབ་སྦྱོང་ལ་སྦྱངས་བརྩོན་ཆེ་བ་དང་བསམ་བློ་ཀུན་སྤྱོད་ལེགས་པའི་བུ་ཕྲུག་ཅིག་སྐྱོང་བར་རྩེ་གཅིག་ཏུ་གཞོལ་དགོས།

    མདོར་ན། སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཞིག་སྐྱོང་བར་དགེ་རྒན་དང་ཁྱིམ་བདག་གིས་ཕྱར་བ་གྲུ་འདེགས་བྱེད་དགོས་པས་ན། ནམ་ཞག་རྒྱུན་དུ་ནས་ཁྱིམ་བདག་དང་དགེ་རྒན་དབར་སྤེལ་རེས་མང་ཙམ་བྱེད་རྒྱུ་ཧ་ཅང་གལ་ཆེ་བར་མཐོང་། ཕྲུ་གུ་སློབ་གྲྭར་ཡོད་དུས་ཁྱིམ་བདག་གིས་ཕྲུ་གུའི་སློབ་སྦྱོང་དང་། འཚོ་བ། དེ་བཞིན་སློབ་གྲོགས་དབར་གྱི་འབྲེལ་བ་བཅས་ལ་རྒྱུས་མངའ་མང་ཙམ་ལོན་དགོས་པ་དང་། དགེ་རྒན་གྱིས་ཀྱང་སློབ་མའི་ཁྱིམ་ཚང་གི་གནས་ཚུལ་དང་གཟུགས་གཞི་བདེ་ཐང་ཡིན་མིན་སོགས་ལ་རྒྱུས་མངའ་ལོན་དགོས། དེ་ལྟར་གཡས་གཞོགས་གཡོན་འདེགས་ཀྱིས་བུ་ཕྲུག་བསྐྱངས་ན། ཕྱིས་འབྱུང་སྤྱི་ཚོགས་ལ་ཕན་ཐོགས་པའི་མི་བུ་ཞིག་སྐྱོང་ཐུབ་ངེས་ལགས།

    (ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཙ་རི་གྲོང་རྡལ་སློབ་ཆུང་གི་ཉི་མ་ཚེ་རིང་གིས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།