དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཆུང་རྩོམ་ཡིག་སློབ་ཁྲིད་དང་བྱང་ཚད་སློབ་གསོ་མཐུན་སྦྱོར་ཇི་ལྟར་བྱེད་ཐབས་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མཚོ་མོ།   |     སྤེལ་དུས།  2025-07-04

    སློབ་གསོ་སློབ་ཁྲིད་ཀྱི་ཆེས་མཐར་གཏུགས་ཀྱི་དམིགས་ཡུལ་ནི་མི་སྣའི་བྱང་ཚད་དམ་ཀུན་སྤྱོད་གོང་མཐོརགཏོང་བའི་ཆེད་དུ་ཡིན་ལ། སློབ་མའི་རྒྱུད་ལ་རྩོམ་ཡིག་སློབ་ཁྲིད་བྱེད་པའི་དམིགས་ཡུལ་ཡང་རྩོམ་འབྲིའི་ཤེས་བྱ་རྒྱུས་ལོན་བྱེད་པ་ཕུད། རྩོམ་ཡིག་གི་སྙིང་པོར་རོལ་མྱོང་བྱས་ཏེ་བསམ་བློའི་བྱང་ཚད་མཐོར་འདེགས་དང་དེ་བཞིན་རྩོམ་ཡིག་གི་སྐད་ཆར་སློབ་སྦྱོང་བྱས་ཏེ་སྐད་ཆ་ཤོད་སྟངས་ལེགས་སུ་གཏོང་རྒྱུ་དེ་སློབ་ཁྲིད་ཀྱི་གཙོ་གནད་ཅིག་ཏུ་གྱུར་ཡོད། འདིར་ཁོ་མོས་སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་བྱས་པའི་ལོ་མང་ཉམས་མྱོང་ལ་བརྟེན་ནས་རྩོམ་ཡིག་སློབ་ཁྲིད་བརྒྱུད་སློབ་མའི་བྱང་ཚད་གོང་མཐོར་ཇི་ལྟར་གཏོང་དགོས་མིན་སྐོར་རགས་ཙམ་གླེང་བར་བྱ།

    དང་པོ། རྩོམ་ཡིག་ཁྲོད་ནས་སློབ་མས་རང་ཉིད་མཐོང་ཞིང་རང་ལམ་གསལ་བ་བྱེད་དགོས།

    པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་སྦོའོ་ཏའོ་པིན་གྱིས《རྩོམ་ཡིག་ནི་ཅི་ཞིག་ཡིན》ཞེས་པའི་དཔེ་ཆའི་ནང“རྩོམ་ཡིག་ནི་སྒྲོན་མེ་ཞིག་ཡིན་ལ། རྩོམ་རིག་ནི་མེ་ལོང་ཞིག་ཡིན”ཞེས་པའི་དགོངས་ཚུལ་གཉིས་བཏོན་ཡོད་པ་ལས། རྩོམ་ཡིག་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ནི་སློབ་མའི་རྒྱུད་ལ་རྩོམ་རིག་དེ་སྒྲོན་མེ་ཞིག་ཡིན་པའི་དབང་གིས་སློབ་མའི་སེམས་ཁམས་ཀྱི་མུན་པ་སེལ་བའི་ནུས་པ་ཐོན་དུ་འཇུག་ཐུབ་མཁན་ཞིག་ཡིན་དགོས་ལ། རྩོམ་རིག་ནི་མེ་ལོང་ཞིག་ཡིན་པའི་དབང་གིས་རྩོམ་རིག་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་གྱིས་སློབ་མ་རྣམས་མེ་ལོང་དེའི་མདུན་དུ་ལངས་སུ་བཅུག་ནས་ལུས་སྟེང་གི་སྐྱོན་དག་མཐོང་བའི་ནུས་པ་ཐོན་དུ་འཇུག་མཁན་ཞིག་ཏུ་གྱུར་ཐུབ་པ་བྱེད་དགོས། སློབ་ཆུང་ནས་སློབ་མར་སྐད་ཆ་དུམ་བུ་སློབ་ཁྲིད་བྱེད་པ་ནས། རྩོམ་ཡིག་ཐུང་ཐུང་རེ་སློབ་ཁྲིད་བྱེད་པ་དང་། ཐ་ན་སློབ་ཆེན་དུའང་རྩོམ་ཡིག་སློབ་ཁྲིད་བྱེད་པའི་ཆེས་མཐར་གཏུགས་ཀྱི་དམིགས་ཡུལ་ཡང་སྐད་ཆའི་གསེང་གི་ནང་དོན་ལ་བསམ་གཞིག་བྱེད་དུ་འཇུག་པ་དེ་ཡིན་ལ། ནང་དོན་དེ་ཡང་མཐར་གཏུགས་ནས་བཤད་ན་རང་ཉིད་ལ་ལྟ་བའི་མེ་ལོང་རེ་རེ་དང་རང་ལམ་གསལ་བའི་སྒྲོན་མེ་རེ་རེ་ཅི་ལ་མིན། དེར་བརྟེན་རྩོམ་ཡིག་སློབ་ཁྲིད་ཀྱི་དམིགས་ཡུལ་ཡང་སློབ་མའི་རྒྱུད་ལ་དུས་དང་རྣམ་པ་ཀུན་ཏུ་རྩོམ་ཡིག་གི་ནང་དོན་དག་སྒྲོན་མེ་རུ་བཟུང་སྟེ་རང་ཉིད་ཀྱི་ལམ་བུ་གསལ་རྒྱུའི་བསམ་བློ་གཏོང་དུ་འཇུག་དགོས་ལ། ནང་དོན་དག་མེ་ལོང་དུ་བཟུང་ནས་རང་གི་སྐྱོན་མཐོང་ཐུབ་ཐབས་བྱེད་དགོས་པ་ཡིན་ཏེ། དཔེར་ན་ལོ་རིམ་དྲུག་པའི་སྟོད་ཆའི《ལེགས་བཤད་ཤོ་ལོ་ཀ་དྲུག》ལས“ཡོན་ཏན་མེད་པའི་གྲོགས་སྟོང་ལས། །ཡོན་ཏན་ལྡན་པའི་གྲོགས་གཅིག་མཆོག །དགྲ་གཅིག་ཡོད་ཀྱང་མང་དང་འདྲ། །གཉེན་བརྒྱ་ཡོད་ཀྱང་ཉུང་དང་མཚུངས”ཞེས་པ་ལྟ་བུ། ལེགས་བཤད་འདི་བརྒྱུད་ནས་སློབ་མའི་ལོག་ལམ་སེལ་བའི་སྒྲོན་མེར་འགྱུར་ཐུབ་པ་དང་། ལེགས་བཤད་དེ་ཉིད་ཚད་གཞིའམ་མེ་ལོང་དུ་བཟུང་ནས་སློབ་མ་སོ་སོས་དུས་རྒྱུན་གྲོགས་ཇི་ལྟར་འགྲོགས་མིན་ལ་བསམ་གཞིག་བྱས་ན། ད་གཟོད་རྩོམ་ཡིག་སློབ་ཁྲིད་ཀྱི་དམིགས་ཡུལ་ཙམ་མ་ཟད་རྩོམ་ཡིག་དེ་ཉིད་སློབ་མའི་མདུན་དུ་རྒྱུན་པར་བཙུགས་ནས་བཞག་པའི་རང་ལུས་ཀྱི་སྐྱོན་ལ་བལྟ་བྱེད་ཀྱི་མེ་ལོང་ཞིག་ཏུའང་གྱུར་ཐུབ་པ་ཡིན། དེ་ལྟར་བྱུང་ན་གཞི་ནས་རྩོམ་ཡིག་སློབ་ཁྲིད་དེ་གཞུང་ལུགས་སྐམ་པོ་ཙམ་མ་ཡིན་པར་མི་གསོ་སྐྱོང་དང་མི་སྣའི་བྱང་ཚད་མཐོར་འདེགས་གཏོང་རྒྱུའི་དམིགས་ཡུལ་དུ་བསྙེགས་ཐུབ་པ་ཡིན།

    གཉིས་པ། རྩོམ་ཡིག་གི་སྐད་ཆའི་ཁྲོད་ནས་སྐད་ཆ་ཤོད་སྟངས་ཤེས་སུ་འཇུག་དགོས།

    དེ་ཡང་རྩོམ་ཡིག་གི་སྐད་ཆ་ནི་སྐད་ཆའི་སྒྱུ་རྩལ་གྱི་ཡང་རྩེ་ཡིན་ལ། པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་སྦོའོ་ཏའོ་པིན་གྱིས《རྩོམ་ཡིག་ནི་ཅི་ཞིག་ཡིན 》ཞེས་པའི་ནང“རྩོམ་རིག་ནི་སྐད་ཆས་གྲུབ་པ་ཞིག་དང་སྐད་ཆ་ནི་རྩོམ་རིག་གྲུབ་པའི་རྒྱུ་ཆ་ཡིན”ཞེས་གསུངས་པ་བཞིན། རྩོམ་རིག་སློབ་ཁྲིད་ཀྱི་དམིགས་ས་གཞན་ཞིག་ནི་རྩོམ་རིག་གི་སྐད་ཆ་སློབ་ཁྲིད་བྱེད་རྒྱུ་དེ་རྨང་གཞི་དང་གཙོ་བོར་བཟུང་དགོས་པ་ནན་བཤད་གནང་ཡོད། ད་བར་ང་ཚོས་རྩོམ་རིག་གི་རིག་པའི་གཞུང་ལུགས་སྐམ་པོ་ཞིག་ལ་ཤི་འཐམ་རོ་འཐམ་བྱས་ཏེ་སློབ་ཁྲིད་བྱས་པ་ལས་རྩོམ་རིག་སློབ་ཁྲིད་ཀྱི་ཆེས་རྨང་གཞིར་གྱུར་པའི་སྐད་ཆའི་སྒྱུ་རྩལ་ཞེས་པ་དེ་ཁྲིད་བཞིན་པའི་རྩོམ་ཡིག་དངོས་དང་འབྲེལ་ཏེ་བཙལ་འཚོལ་བྱེད་པ་དང་དེ་དང་ནམ་རྒྱུན་གྱི་སྐད་ཆའི་དབར་ཁྱད་པར་ཅི་ཡོད་མིན་ལ་འགྲེལ་པ་བྱེད་པ་ཧ་ལམ་ཉུང་བས། སློབ་མས་རྩོམ་ཡིག་འབྲི་སྦྱོང་གི་བརྒྱུད་རིམ་ནང་ཡུལ་སྐད་དང་གྲོང་སྐད་བེད་སྤྱོད་མང་དུ་བྱེད་པའང་གནད་དོན་དེར་ཐུག་ཡོད། སློབ་མའི་རྒྱུད་ལ་རྩོམ་ཡིག་ཁྲོད་ཀྱི་སྐད་ཆ་སྙན་པོ་དག་ངེས་སུ་འཇུག་པ་དང་། དེ་དང་འདྲ་བའི་དཔེ་འཇོག་ཏུ་འཇུག་པ་ནི་རྩོམ་ཡིག་འབྲི་སྦྱོང་གི་བརྒྱུད་རིམ་ནང་རྩོམ་འབྲིའི་སྐད་ཆའི་ནུས་པ་གོང་མཐོར་འགྲོ་བ་ཕུད། འཚོ་བའི་ཁྲོད་མི་སེམས་དང་མཐུན་ཐུབ་པའི་སྐད་ཆ་ཤོད་ཐུབ་པར་ཡང་ནུས་པ་ངེས་ཅན་ཐོན་ཐུབ་པ་ཡིན། སྐད་ཆ་ཤོད་ཐུབ་མིན་ནི་རང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་འདུ་ཤེས་དག་སྐད་ཆའི་ལམ་ནས་ཤོད་ཐུབ་པ་ཙམ་མ་ཟད། དེ་ལས་གལ་ཆེ་བ་ཞིག་ནི་སྐད་ཆ་བཤད་སའི་ཡུལ་མི་འདྲ་བའི་སེམས་ཁམས་དང་བསྟུན་ཐུབ་མིན་ལ་ཟེར་བས། སློབ་ཆུང་སློབ་མར་རྩོམ་ཡིག་སློབ་ཁྲིད་བྱེད་པ་དེ་ཡང་རྩོམ་རིག་གི་སྐད་ཆའི་ཉིང་བཅུད་ལ་སློབ་སྦྱོང་བྱས་ཏེ། སློབ་མའི་རྒྱུད་ལ་དུས་རྒྱུན་གྱི་སྐད་ཆ་བཤད་ཕྱོགས་ནས་ཁོར་ཡུག་དང་མཐུན་པའི་སྐད་ཆ་ཞིག་བརྗོད་ཐུབ་པའི་ཕྱོགས་སུ་ལམ་སྟོན་བྱེད་དགོས་པ་ཡིན། དེ་ཡང་སློབ་ཆུང་བསླབ་གཞིའི་རྩོམ་ཡིག་ཁྲོད་དུ་སྐད་ཆ་ཆེས་ཕུལ་དུ་བྱུང་བ་མང་པོ་ཡོད་པ། དཔེར་ན《ལྷ་སའི་གཙུག་ལག་ཁང་རྣམ་གཉིས》ཞེས་པ་ལྟ་བུའི་རྩོམ་ཡིག་ནང“རྒྱ་བཟའ་འུན་ཤིང་ཀོང་ཇོས་རྒྱ་སྟག་ར་མོ་ཆེ་གཙུག་ལག་ཁང་བཞེངས་ཤིང་། དེའི་རྟེན་གཙོ་བོར་རྒྱ་ནག་ནས་གདན་དྲངས་པའི་རྒྱ་བཟའི་རྟེན་སྐལ་ཇོ་བོ་ཤཱཀྱ་མུ་ནེ་བཞུགས་སུ་གསོལ”ཞེས་རྒྱ་བོད་མཛའ་འབྲེལ་དང་མཉམ་གནས། མི་རིགས་གང་གི་རིག་གནས་དང་གོམས་གཤིས་སོགས་གང་ནས་བསམ་ཡང་ཞེ་ཚིག་དེ་དག་གིས་རྩོམ་ཡིག་ཧྲིལ་པོའི་སྐད་ཆའི་བརྗོད་ཚུལ་ཚད་མཐོ་སར་འདེགས་ཐུབ་པ་བྱུང་ཡོད།

    གསུམ་པ། རྩོམ་རིག་གི་བསམ་བློར་སློབ་སྦྱོང་བྱེད་དུ་འཇུག་དགོས།

    རྩོམ་ཡིག་ནི་རྩོམ་པ་པོས་ཕུན་སུམ་ཚོགས་པའི་འཚོ་བའི་ཁྲོད་ནས་མཁོ་ངེས་ཀྱི་རྒྱུ་ཆ་བཙལ་ཏེ་རྩོམ་རིག་གི་སྐད་ཆས་འཚོ་བའི་ལེགས་ཉེས་ཀློག་པ་པོར་བཤམས་སྟོན་བྱེད་པ་ཞིག་ཡིན་ལ། སློབ་གསོ་ནི་མིའི་ལུས་ངག་ཡིད་གསུམ་གསོ་བ་དམིགས་ཡུལ་དུ་བཟུང་བ་ཞིག་ཡིན་པས། རྩོམ་ཡིག་སློབ་ཁྲིད་བྱེད་པའང་རྩོམ་ཡིག་ཁྲོད་ཀྱི་མི་སྣའི་སྐད་ཆ་ཙམ་མ་ཟད། རྩོམ་ཡིག་བརྒྱུད་འཚོ་གནས་བྱེད་སའི་ཁོར་ཡུག་འདིར་མི་རང་ངོས་ཀྱི་ལས་འགན་དང་། ལས་འགན་དེ་འགྲུབ་པའི་ཐབས་ཤེས། ལྷག་དོན་དུ་བརྩམས་ཆོས་ཀྱི་ནང་དོན་དག་སློབ་མའི་སེམས་ཁམས་སུ་ཡུན་རིང་གནས་ཐུབ་མིན་དང་། ནུས་པ་ཡུན་རིང་ཐོན་ཐུབ་མིན་གྱི་འགག་རྩའང་རྩོམ་ཡིག་ཁྲོད་ཀྱི་དྲང་བདེན་གྱི་བསམ་བློ་དེ་སློབ་ཁྲིད་བརྒྱུད་བག་ཆགས་གཏིང་ཟབ་འཇོག་ཐུབ་མིན་ལ་རག་ལས་ཡོད། དེས་ན་རྩོམ་ཡིག་སློབ་ཁྲིད་ནི་རྩོམ་པ་པོས་བྲིས་པའི་རྩོམ་ཡིག་གི་བསམ་བློར་སློབ་སྦྱོང་བྱེད་པ་ཞིག་ཡིན་པས། སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་རྩོམ་ཡིག་གི་བསམ་བློའམ་རྩོམ་པ་པོའི་བསམ་བློས་སློབ་མའི་རྒྱུད་ལ་ཚན་རིག་གི་ལྟ་བ་དང་། མི་ཚེའི་ལྟ་བ་ལེགས་གཏོད་བྱེད་དགོས་ལ། རྩོམ་ཡིག་ཁྲོད་ཀྱི་དྲང་ལྡོག་གཉིས་ཀྱི་ལྟ་བ་དཔེ་རུ་བླངས་ནས་དེ་གཉིས་ཀྱི་མཇུག་འབྲས་དཔེ་གཞི་དང་བཅས་ཏེ་གསལ་བཤད་བྱེད་དགོས། དཔེར་ན། 《རི་བོང་ཅལ་འདྲོགས》ལྟ་བུའི་རྩོམ་ཡིག་སློབ་ཁྲིད་བྱེད་པ་ལྟ་བུར་ཆ་མཚོན་ན། རྩོམ་ཡིག་ནང་གི་ཤིང་ཏོག་བིལ་པ་ཆུ་ནང་དུ་ལྷུང་སྟེ་ཅལ་ཞེས་པའི་སྒྲ་བྱུང་བ་ལ་རི་བོང་དྲུག་པོ་སྐྲག་ནས་བྲོས་རྐྱེན། རི་དྭགས་དང་གཅན་གཟན་གཞན་རྣམས་ཀྱིས་ཀྱང་མ་བརྟག་མ་དཔྱད་པར་རིམ་པར་བྲོས་ལ། མཐར་སེང་གེས་བརྟག་ཅིང་དཔྱད་པས། ཤིང་འབྲས་བིལ་པ་ཆུ་ནང་དུ་ལྷུང་ནས་ཅལ་ཞེས་པའི་སྒྲ་གྲགས་པ་རྟོགས་པའི་སྐོར་བྲིས་ཡོད། སྣང་ཚུལ་དེ་སློབ་མའི་འཚོ་བ་དངོས་དང་སྦྱར་ཏེ་འགྲེལ་པ་བྱེད་དགོས་ལ། ཡོད་ཚད་ཟེར་འགྲོས་སུ་མི་འགྲོ་བར་རང་ཉིད་ཀྱིས་ཉམས་སུ་མྱོང་བ་དང་། བརྟག་ཅིང་དཔྱད་ན་བདེན་པ་ར་འཕྲོད་ཐུབ་པའི་བསམ་བློ་གཏོང་དུ་འཇུག་དགོས་རྒྱུ་དེ་རྩ་བའི་རྩ་བ་དང་། དགོས་པའི་ཉིང་དགོས་ཡིན་པ་དཔེ་དང་བཅས་ཏེ་ཤེས་སུ་འཇུག་དགོས། དེ་ལྟར་བྱས་ཚེ་རྩོམ་ཡིག་གི་བསམ་བློའི་ཉིང་བཅུད་དག་སློབ་མའི་རྒྱུད་ལ་འཇགས་ཐུབ་ལ། རྩོམ་ཡིག་གི་ཆེད་དུ་རྩོམ་ཡིག་ཁྲིད་པ་ཙམ་མ་ཡིན་པར་རྩོམ་ཡིག་གི་ཡང་དག་པའི་བསམ་བློས་སློབ་མའི་ནམ་རྒྱུན་གྱི་བྱ་སྤྱོད་ལ་ཁྲིད་སྟོན་ཐུབ་ངེས་ཡིན།

    (ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་མཚོ་མོ)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།