རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས“ལོ་ཆུང་སློབ་མར་སྲུང་སྐྱོང་གི་2025ལོའི་དཔེ་འཛར་ལྗང་ཁུའི་བྱ་སྤྱོད”སློབ་གྲྭར་སྤེལ་བའི་གསུང་རབ་ཀློག་པའི་བྱེད་སྒོ་གཉེར་བ།
ཚེས་1ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་མཉམ་དུ་གཉེར་བའི“ལོ་ཆུང་སློབ་མར་སྲུང་སྐྱོང་གི་2025ལོའི་དཔེ་འཛར་ལྗང་ཁུའི་བྱ་སྤྱོད”སློབ་གྲྭར་སྤེལ་བའི་གསུང་རབ་ཀློག་པའི་བྱེད་སྒོ་སྟག་རྩེ་ཆུས་ལྟེ་བའི་སློབ་ཆུང་དུ་གཉེར་ཞིང་། དེའི་དམིགས་ཡུལ་ནི་ལྗང་མདོག་གི་དཔེ་ཀློག་དང་ཡ་རབས་ངང་དྲ་བ་སྤྱོད་སྟངས་དར་སྤེལ་བཏང་སྟེ། ན་སོ་དར་ལ་མ་བབས་པའི་མིས་ཁྲིམས་འགལ་གྱི་གནོད་ལྡན་དཔེ་སྐྲུན་དངོས་པོ་དང་ཆ་འཕྲིན་དབྱེ་འབྱེད་ཐུབ་པའི་ནུས་པ་ཆེ་རུ་དང་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་ཆེད་རེད།
བྱེད་སྒོ་དེ“ལོ་ཆུང་སློབ་མ་སྲུང་སྐྱོང”གི་དྲིལ་བསྒྲགས་པར་གཞིའི་བརྗོད་དོན་གཙོ་བོའི་གླུ་གཞས《སེམས་ཀྱི་སྐར་ཁུང་སྲུང་བ》ཞེས་པའི་དབྱངས་རྟའི་ཁྲོད་འགོ་ཚུགས་ཡོད།
སློབ་མའི་འཐུས་མི་ཚོས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོར་དཔེ་འཛར་ལྗང་ཁུའི་གྲོས་འགོ་བཏོན་པ་དང་། སློབ་གྲྭ་དང་ཁྱིམ་བདག་གི་འཐུས་མི་ཚོས《ལྗང་མདོག་དཔེ་ཀློག་གི་ཁས་ལེན་ཡི་གེར》མིང་རྟགས་བཀོད་པ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སློབ་མར་དཔེ་དེབ་ཞལ་འདེབས་བརྒྱབ་པ་རེད།
དགེ་སློབ་ཚོས་མཉམ་གཞས་གཏོང་བ་དང་གཏམ་བཤད་སྤེལ་བ་དང་། གསུང་རབ་ཀློག་པ། དངོས་མཚོན་ཟློས་གར་འཁྲབ་པ་སོགས་ཀྱི་རྣམ་པ་འདྲ་མིན་བརྒྱུད། སྤྱི་ཚོགས་ཡོངས་ལ་ཁྲིམས་འགལ་གྱི་དཔེ་སྐྲུན་དངོས་པོ་དང་གནོད་ལྡན་ཆ་འཕྲིན་མཉམ་དུ་གཏན་འགོག་བྱེད་དགོས་པའི་འབོད་སྐུལ་བྱས་ཤིང་། བྱེད་སྒོར་ད་དུང་ཤེས་བྱ་མཉམ་སྦྱོང་གི་དྲི་བ་དྲིས་ལན་གྱི་ལྷུ་ཚིགས་བཀོད་སྒྲིག་བྱས་ཡོད་པས། སློབ་མ་ཚོས་ལན་ཚ་ཚ་འུར་འུར་བརྒྱབ་ནས་བྱེད་སྒོ་སྤེལ་ཡུལ་དུ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། བྱེད་སྒོ་དེ་ལོ་ཆུང་གདོང་ལེན་རུ་མི་ཡོངས་ཀྱིས《ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་གླུ》སྐད་གསང་མཐོན་པོས་གཏོང་བའི་གླུ་སྒྲའི་ཁྲོད་མཇུག་འགྲིལ་བ་རེད།
བྱེད་སྒོ་སྤེལ་བ་བརྒྱུད། སློབ་མ་དང་ཁྱིམ་བདག་ཚོས་ཁྲིམས་འགལ་གྱི་གནོད་ལྡན་དཔེ་སྐྲུན་དངོས་པོ་དང་གནོད་ལྡན་ཆ་འཕྲིན་དབྱེ་འབྱེད་བྱེད་པའི་ནུས་པ་ཆེ་རུ་ཕྱིན་པ་མ་ཟད། ལྟ་ཀློག་གི་ལྟ་བ་ཡང་དག་ཆགས་པ་དང་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་འགྲོ་བར་ཕན་ཐོགས་ཡོད་པ་རེད།