རང་སྐྱོང་ལྗོངས་སློབ་གསོའི་ཡིག་རྒྱུགས་ཁང་གིས་2025ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
“རེ་འདུན་རེའུ་མིག་རྒྱོང་བའི་རམ་འདེགས་མ་ལག་ཇི་ལྟར་སྤྱོད་དགོས། ‘ཆེད་དོན་འཆར་གཞི’རྒྱོང་བར་ཆ་རྐྱེན་གང་འདྲ་འཛོམས་དགོས། མཉམ་མཚུངས་རེ་འདུན་རེའུ་མིག་རྒྱོང་བར་ཐབས་ཤེས་གང་འདྲ་ཡོད། ང་ཚོས་ཚང་མར་འགྲེལ་བཤད་རེ་རེ་བཞིན་རྒྱག་གི་ཡིན”ཚེས་28ཉིན་རང་སྐྱོང་ལྗོངས་སློབ་གསོའི་ཡིག་རྒྱུགས་ཁང་གིས་2025ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་སློབ་བསྡུའི་སྡེ་ཚན་དང་། མཐོ་སློབ་དང་རྒྱུགས་སྤྲོད་སློབ་མའི་དབར་ལས་ཕྱོད་ཆེ་ཞིང་སྟབས་བདེ་བའི་འབྲེལ་གཏུག་ལས་སྟེགས་བཙུགས་ཏེ། རྒྱུགས་སྤྲོད་སློབ་མར་དབང་གྲགས་དང་ཆེད་ལས་ཀྱི“གཅིག་འཐུས་རྣམ་པའི”རེ་འདུན་རེའུ་མིག་རྒྱོང་བའི་མཛུབ་ཁྲིད་ཞབས་ཞུ་མཁོ་འདོན་བྱ་ཆེད་རེད།
ད་ཐེངས་ཀྱི་བྱེད་སྒོ་ནི་རང་ལྗོངས་སུ་སྤེལ་ཐེངས་དང་པོ་ཡིན་ཞིང་། དེ་ནི“སྤྲིན་ཚོམ་ཐད་གཏོང་དང་དྲ་ཕྱིའི་བློ་འདྲི་ཟུང་དུ་འབྲེལ་བའི”བྱེད་ཐབས་ཐོག་ནས་སྤེལ་བ་ཞིག་རེད། དྲ་ཐོག་ཏུ་རང་སྐྱོང་ལྗོངས་སློབ་གསོའི་ཡིག་རྒྱུགས་ཁང་གིས་ཐད་གཏོང་ལས་སྟེགས་བརྒྱུད་རེ་འདུན་རེའུ་མིག་རྒྱོང་བའི་རམ་འདེགས་མ་ལག་ངོ་སྤྲོད་དང་དཔེ་སྟོན་བྱས་པ་མ་ཟད། ད་ལོའི་མཐོ་རྒྱུགས་ཀྱི་རེ་འདུན་རེའུ་མིག་རྒྱོང་བར་ཆེད་དོན་མཛུབ་ཁྲིད་ཀྱང་བྱས་པ་དང་། ཀྲུང་གོ་མི་དམངས་སློབ་ཆེན་དང་། ཧྲང་ཧའེ་ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་སློབ་ཆེན། ནན་ཅིང་ཞིང་ལས་སློབ་ཆེན་སོགས་ལྗོངས་ཕྱིའི་མཐོ་སློབ་10ཡིས་སྔ་རྗེས་སུ་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱས་ཤིང་། ནང་དོན་གཙོ་བོའི་གྲས་སུ་མཐོ་སློབ་ཀྱི་སློབ་གཉེར་ཁྱད་ཆོས་དང་། ལེགས་ལྡན་ཆེད་ལས། གསོ་སྐྱོང་བྱེད་སྟངས། ལས་ཞུགས་མདུན་ལམ་སོགས་ཚུད་ཡོད་པ་དང་། དྲ་ཕྱིར་མཐོ་སློབ་ཁག་གི་སློབ་བསྡུ་ཁྲུའུ་ཡིས་བློ་འདྲིའི་ལས་སྟེགས་བཙུགས་ནས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་རེ་འདུན་རེའུ་མིག་རྒྱོང་བའི“གཅིག་འཐུས་རྣམ་པའི”བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གསོ་པུའུ་ཡིས“ཉི་འོད་རེ་འདུན”ཆ་འཕྲིན་ཞབས་ཞུའི་མ་ལག་བཙུགས་ནས་ལྗོངས་ནང་ཁུལ་གྱི་མཐོ་རྒྱུགས་རྒྱུགས་སྤྲོད་སློབ་མས་རང་མིང་བཀོད་རྗེས། དྲ་ངོས་དང་པོའི“རྒྱུགས་སྤྲོད་རེ་འདུན་དཔྱད་གཞིའི་ཞབས་ཞུ”ཞེས་པ་བདམས་ཚེ་མ་ལག་གིས་རྒྱུགས་སྤྲོད་སློབ་མའི་མཐོ་རྒྱུགས་ཀྱི་གྲུབ་འབྲས་ཆ་འཕྲིན་དང་དགའ་ཕྱོགས་ལ་གཞིགས་ནས་རིག་ནུས་ཀྱིས་སློབ་གྲྭ་དང་ཆེད་ལས་ལེགས་འདེམས་བྱེད་ཀྱི་ཡོད། རང་སྐྱོང་ལྗོངས་སློབ་གསོའི་ཡིག་རྒྱུགས་ལེན་ཁང་གི་ལས་དོན་པས“མ་ལག་དེ་སྤྱོད་གོ་ཆེན་པོ་འདུག དེའི་ནང་སློབ་གླིང་དང་སློབ་གྲྭ་དང་། ཆེད་ལས་འདྲི་རྩད་དང་། སེམས་ཁམས་དཔྱད་དཔོག རྒྱུགས་སྤྲོད་ཕྱོགས་སྟོན་སོགས་ཚུད་ཡོད་པས། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་ཚོའི་དགོས་མཁོ་གནད་ལ་འཁེལ་པོས་བསྐངས་ནས་ཁོང་ཚོའི་མི་ཚེའི་གདམ་གར་གནོང་འགྱོད་མེད་པ་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།