དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • སྙན་འཇེབས་སྒྲ་སྙན་སློབ་གྲྭ་ཡོངས་ལ་ཁྱབ། བྱིས་པས་མངོན་མིན་རིག་གནས་རྒྱུན་འཛིན་བྱེད།

    —— གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གིས་སློབ་གྲྭའི་ནང་ལྷ་རྩེའི་སྟོད་གཞས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བའི་ཟུར་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-23

    ཆར་པ་སིམ་སིམ་ཁྲོད། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་མང་ཕུ་ཤང་ལྟེ་བའི་སློབ་ཆུང་གི་ཐང་ཆེན་ནས་སྙན་འཇེབས་ལྡན་པའི་སྒྲ་སྙན་ལྷང་ལྷང་གྲགས། གཟབ་མཆོར་ལེགས་པར་སྤྲས་པའི་ལྷ་རྩེ་རྫོང་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཚོ་རིམ་པ་བཞིན་གར་སྟེགས་ཐོག་འཛེགས་པ་དང《ཇོ་ལགས་སྲས་ཆུང》ཞེས་པའི་སྟོད་གཞས་ལ་གར་སྟེགས་འོག་གི་སློབ་མ་ཚོའི་དགའ་བསུ་ཡང་ཡང་ཐོབ་ཡོད།

    སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་དང་ལྷ་རྩེའི་སྟོད་གཞས་ཀྱི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་སྐལ་བཟང་སྒྲོལ་མའི་ངོས་ནས་བརྗོད་ན། འཁྲབ་སྟོན་དེར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་སྟེ། “དེ་རིང་གི་ལྟད་མོ་བ་སློབ་ཆུང་སློབ་མ་ཡིན། ཁོང་ཚོའི་ཁྲོད་ལྷ་རྩེའི་སྟོད་གཞས་ཀྱི་རྒྱུན་འཛིན་པའང་ཡོད་སྲིད་པས། དེ་རིང་གི་སྟོད་གཞས་ངེས་པར་དུ་ཡག་པོ་འཁྲབ་དགོས་ཀྱི་ཡོད”

    འཁྲབ་སྟོན་དེ་ནི་ལྷ་རྩེ་རྫོང་གིས་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ། ལྷ་རྩེའི་སྟོད་གཞས“སློབ་གྲྭར་ཁྱབ་གདལ”ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད། སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ཁོར་ཡུག་བཟང་པོ་གཏོད་ཆེད། ལྷ་རྩེ་རྫོང་གིས་སྤེལ་ཤུགས་དེ་བས་ཆེ་བ་དང་བྱ་ཐབས་དེ་བས་མང་བའི་ཐོག་ནས་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་རྩ་བ་ཚུགས་ཐུབ་པར་བྱས་ནས་རྒྱུན་འཛིན་པ་མི་རབས་གསར་པ་གསོ་སྐྱོང་ཤུགས་ཆེན་བྱས་ཡོད།

    སྐལ་བཟང་སྒྲོལ་མ་ནི་ལྷ་རྩེའི་སྟོད་གཞས་ཀྱི་རྒྱུན་འཛིན་མཁན་ཞིག་རེད། རྒྱུན་འཛིན་པ་མི་རབས་ལྔ་པ་ཡིན་པའི་ཁོང་ལ་ཕ་བི་སྐྱིད་ལྷག་པའི་ཤུགས་རྐྱེན་ཟབ་མོ་ཐེབས་ནས་ལོ་ལྔ་ལ་སླེབས་སྐབས་གླུ་ལེན་གར་འཁྲབ་མཁས་པོ་ཡོད། ལོ་12ལ་སླེབས་པའི་ལོ་དེར་ཁོང་གིས་རང་ཉིད་ཀྱི་གཅེན་པོ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་གར་སྟེགས་ཐོག་འཛེགས་པ་མཐོང་སྐབས་རང་ཉིད་ཀྱི་ཕུགས་འདུན་སྔར་བས་བརྟན་དུ་སོང་ཡོད། “གཅེན་པོས་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་གར་སྟེགས་ཐོག་ལྷ་རྩེའི་སྟོད་གཞས་འཁྲབ་པ་མཐོང་སྐབས། མ་འོངས་པར་རང་ཉིད་ཀྱང་གཅེན་པོ་ལྟ་བུར་འགྱུར་རྒྱུར་འབད་བརྩོན་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་ཁོང་གིས་བཤད།

    ལོ་11ལ་སླེབས་པའི་སློབ་མ་པ་སངས་བསྟན་འཛིན་གྱིས་རོལ་དབྱངས་དང་བསྟུན་ནས་མཉམ་གཞས་གཏོང་བཞིན་འདུག ཁོ་པས་སྤོབས་པ་ཆེན་པོས་གསར་འགོད་པར“ན་ནིང་ནས་བཟུང་། སྤོ་བོ་ལགས་ཀྱིས་ང་ལ་ལྷ་རྩེའི་སྟོད་གཞས་དཀྲོལ་སྟངས་བསླབ་བྱུང་། ད་ལྟ་ངས་ཀྱང་གླུ་གཞས་ཁ་ཤས་དཀྲོལ་ཤེས་ཀྱི་ཡོད། སླད་ཕྱིན་ང་རང་ཁོང་ཚོ་ལས་ཡག་པ་ཞིག་ཆགས་པར་བྱེད་ཀྱི་ཡིན”ཞེས་བཤད། ཁྱིམ་ཚང་དང་སློབ་གྲྭའི་ཤུགས་རྐྱེན་ལས་རྒྱུན་འཛིན་གྱི་རྨང་གཞི་སྔར་ལས་བརྟན་དུ་ཕྱིན་ཡོད།

    གར་སྟེགས་ཀྱི་མི་སྣ་གཙོ་བོ་གཞན་ཞིག་ནི་ལྷ་རྩེ་རྫོང་གི“9+X”འབྲིང་རིམ་ལས་རིགས་སློབ་གྲྭའི་སྒྲ་སྙན་འཛིན་གྲྭ་ནས་ཡོང་བའི་སློབ་མ་ཚོ་རེད། ལོ་16ལ་སླེབས་པའི་འཆི་མེད་སྒྲོལ་དཀར་གྲལ་གྱི་མདུན་དུ་ལངས་པ་དང་། འཁྲབ་སྟོན་བྱེད་འགོ་ཚུགས་མ་ཐག་ཁོ་མོའི་སྐམ་ལ་རིད་པའི་གཟུགས་པོ་ལས་སྐད་ཅིག་ཉིད་དུ་ནུས་ཤུགས་ཆེན་པོ་ཐོན་ཞིང་། གར་སྟེཌ་ཐོག་གི་མངོན་གསལ་དོད་ཤོས་སུ་གྱུར། ཁོ་མོས“ངས་ཆུང་དུས་ནས་རང་སྦྱོང་བྱེད་ཀྱི་ཡོད་མོད། འོན་ཀྱང་ཆེད་ལས་ཀྱི་སྦྱོང་བརྡར་སྤྲོས་མཁན་མེད། ན་ནིང་སློབ་གྲྭར་འཛུལ་རྗེས་ཉིན་ལྟར་ལྷ་རྩེའི་སྟོད་གཞས་སློབ་ཚན་བཀོད་སྒྲིག་བྱས་ནས་མཛུབ་མོ་འཁྱེར་སྟངས་དང་འཁྲབ་རྩལ་ནས་གཞས་གདངས་བར་ཉིན་ལྟར་སྦྱོང་བརྡར་སྤྲོས་པས་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་བྱུང”ཞེས་བཤད། མ་འོངས་པའི་སྐོར་གླེང་སྐབས་ཁོ་མོས“སྐལ་བཟང་སྒྲོལ་མ་ནི་ངའི་མིག་དཔེ་ཡིན། ང་རང་ཡང་ཁོང་དང་འདྲ་བ་ཞིག་ཏུ་འགྱུར་འདོད་འདུག”ཅེས་བཤད།

    འཆི་མེད་སྒྲོལ་དཀར་ལྟ་བུའི་སྟོད་གཞས་ལ་དགའ་བའི་གཞོན་ནུ་གསོ་སྐྱོང་བྱ་ཆེད། ལྷ་རྩེ་རྫོང་གིས་བྱ་ཐབས་མང་པོ་སྤྱད་དེ་ལྷ་རྩེའི་སྟོད་གཞས་སློབ་གྲྭར་ཁྱབ་གདལ་ལ་སྐུལ་འདེད་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ཁོར་ཡུག་བཟང་པོ་བསྐྲུན་ཡོད། མིག་སྔར། རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཚང་མར་ལྷ་རྩེའི་སྟོད་གཞས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཏེ་སྟོད་གཞས་དེ་བས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་སློབ་གསེང་ལུས་རྩལ་གྱི་བྱེད་སྒོའི་ནང་འདྲེས་པར་བྱས་ཡོད། སྣ་མང་ཕུན་སུམ་ཚོགས་པའི“མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭའི་ནང་ཁྱབ་གདལ”གྱི་བྱེད་སྒོ་རིམ་རྩིས་བརྒྱབ་ན་ཐེངས་80ལྷག་ཙམ་སྤེལ་ཞིང་། སློབ་གྲྭའི་ནང་སློབ་སྦྱོང་དང་། སྲུང་སྐྱོང་། རྒྱུན་འཛིན་བཅས་བྱེད་པ་དང་དར་སྤེལ་གཏོང་བའི་ཚ་རླབས་རྒྱུན་མཐུད་འཕྱུར་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ལྷག་པར་དུ། ལྷ་རྩེ་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་སློབ་མ་ཚོས་སྔ་རྗེས་སུ་ལྷ་རྩེ་རྫོང་གི་སྟོད་གཞས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དྲུག་པའི་འགོ་ཚུགས་མཛད་སྒོ་དང་2017ལོའི་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་སོགས་ཀྱི་གར་སྟེགས་ཐོག་འཁྲབ་སྟོན་བྱས་པ་དང་འབྲེལ། 2018ལོའི་ཟླ་8པར་པེ་ཅིང་དུ་ཀྲུང་གོའི་བྱིས་པའི་ཟློས་གར་དུས་ཆེན་སྐབས་བརྒྱད་པར་ཞུགས་ནས་རྩེར་སོན་གྱི་འཁྲབ་སྟོན་ལ་ཕུལ་བྱུང་འགྲེམས་འཁྲབ་ཀྱི་བྱ་དགའ་ཡང་ཐོབ་པ་རེད།

    སྒྲ་སྙན་གྱི་སྙན་འཇེབས་སྒྲ་དབྱངས་སློབ་གྲྭའི་གང་སར་གྲགས་ཤིང་། བྱིས་པ་ཚོའི་ལྡེམ་འཁྱུག་གི་མཛུབ་རྩེ་དང་སྤྲོ་སྣང་ལྡན་པའི་གར་སྟབས་ཁྲོད་གནའ་བོའི་མངོན་མིན་རིག་གནས་ཤུལ་བཞག་གི་སྒྱུ་རྩལ་དེར་གསོན་ཤུགས་གསར་པ་འཕེལ་ལ། ས་གཞི་གཤིན་པོ་དེའི་ཐོག་ལྷ་རྩེའི་སྟོད་གཞས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ནས་མཛེས་སྡུག་ལྡན་པའི་སྒྱུ་རྩལ་གྱི་མཛེས་ལྗོངས་ཤིག་གྲུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།