དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭས།

    དམིགས་བསལ་གྱི་བྱིས་པར་ཚེ་སྲོག་གི་འོད་སྣང་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-13

    འདི་ལོ་ལྷོ་ཁ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭར་དགའ་འོས་ལ་འགྲན་སློང་གིས་ཁེངས་པའི་རྣམ་པ་ཞིག་མངོན་ཡོད།

    དགའ་འོས་པ་ནི་བོད་ཀྱི་སྨན་བཅོས་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་བསྟུན་ནས་བྱིས་པ་ལོང་བ་དང་འོན་པའི་གྲངས་འབོར་ཆེས་ཆེར་ཉུང་དུ་ཕྱིན་ཡོད། འགྲན་སློང་ནི་གངས་ལྷ་མེ་ཏོག་སྒྱུ་རྩལ་ཚོགས་པའི་སྐབས་འདིའི་སློབ་མ་སློབ་མཐར་ཕྱིན་པ་དང་ཆབས་ཅིག་ཚོགས་པ་དེར་སློབ་མ་དཀོན་པའི་དཀའ་གནད་འཕྲད་པ་དེ་རེད།

    གངས་ལྷ་མེ་ཏོག་སྒྱུ་རྩལ་ཚོགས་པ་ནི་སློབ་གྲྭ་དེའི་སློབ་གཉེར་ཁྱད་ཆོས་ཤིག་ཡིན་པ་དང་2014ལོར་བཙུགས་ཤིང་། ལོ་མང་རིང་སྒྱུ་རྩལ་ཚོགས་པས་ནང་སྦྱོང་བྱས་པའི《དྲིན་ཚོར་གྱི་སེམས་པ》དང《བརྩེ་དུང་གིས་ཕྱུག་པའི་སྒྲ་སྙན》སོགས་ལེ་ཚན་ལ་ལྗོངས་ཡོངས་དང་རྒྱལ་ཡོངས་ཀྱི་བྱ་དགའ་ཡང་ཡང་ཐོབ་ཡོད། ཤེས་ལྡན་པ་དཀོན་པའི་དཀའ་གནད་ཐག་གཅོད་བྱ་ཆེད། མིག་སྔར་སློབ་གྲྭས་ཤེས་རིག་གསོ་སྐྱོང་འཛིན་གྲྭའི་བྱིས་པའི་ཁྲོད་ནས་སློབ་མ་བདམས་ཏེ་གསོ་སྐྱོང་བྱ་རྩིས་ཡོད་པ་རེད།

    སློབ་གྲྭ་བཙུགས་ནས་ལོ་10ལྷག་ཙམ་སོང་རིང་། ལྷོ་ཁ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭས་དམིགས་བསལ་གྱི་བྱིས་པ་འཚར་ལོངས་ཡོང་བར་རོགས་རམ་བྱེད་པའི་ཚེ་སྲོག་གི་འོད་སྣང་སྦྱིན་རྒྱུར་གཞོལ་ནས་བྱིས་པ་འབོར་ཆེན་ཞིག་སྤྱི་ཚོགས་ནང་མཉམ་འདྲེས་ཡོང་བར་རོགས་རམ་བྱས་ཡོད། ལོ་རིམ་དགུ་པའི་ལོ་18ལ་སླེབས་པའི་སློབ་མ་བསྟན་འཛིན་ལྷག་པ་དང་ལོ་16ལ་སླེབས་པའི་ལྷ་མོ་དབྱངས་ཅན་གཉིས་ནི་དེའི་ནང་གི་ཕུལ་བྱུང་འཐུས་མི་ཡིན། གངས་ལྷ་མེ་ཏོག་སྒྱུ་རྩལ་ཚོགས་པར་ལོ་9སློབ་སྦྱོང་བྱས་པ་བརྒྱུད། ཁོང་ཚོ་ཞབས་བྲོར་རྒྱུས་མངའ་མེད་པ་ནས་ད་ཆ་ཚོགས་པའི་ནང་གི་ལས་སྒོའི་རྐང་འཛིན་པར་གྱུར་ཡོད།

    སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་དང་ཞབས་བྲོའི་དགེ་རྒན་ཀུན་བཟང་ཆོས་སྒྲོན་གྱིས་གསར་འགོད་པར་ངོ་སྤྲོད་བྱས་དོན། ལོ་ཤས་གོང་སློབ་གྲྭ་ནས་ཐོན་པའི་ཚེ་རིང་མེ་ཏོག་དང་བསྟན་འཛིན་བག་བྲོ་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭར(ཀྲུང་གོ་དབང་པོ་སྐྱོན་ཅན་སྒྱུ་རྩལ་ཚོགས་པའི་ཁོངས་གཏོགས་སློབ་གྲྭ)སློབ་སྦྱོང་བྱེད་པར་བསྐྱོད། ད་ཆ་ཁོང་གཉིས་ཁྲང་ཁྲུན་སློབ་ཆེན་གྱི་དམིགས་བསལ་སློབ་གསོའི་སློབ་གླིང་ལ་ཚུད་པ་དང་ཁོང་གཉིས་ཀྱི་འབད་བརྩོན་ལྷོད་མེད་ཀྱི་གཏམ་རྒྱུད་དེ་སློབ་མ་ཚོས་སློབ་སྦྱོང་བྱེད་པའི་མིག་དཔེར་གྱུར་ཡོད།

    འདི་ལོ་བསྟན་འཛིན་ལྷག་པ་དང་ལྷ་མོ་དབྱངས་ཅན་སློབ་གྲྭ་ཐོན་ཉེར་ཡོད་ཅིང་། ཁོང་ཚོས་ལག་བརྡ་བྱས་ནས“ང་ཚོས་ཀྱང་ཀྲུང་གོ་དབང་པོ་སྐྱོན་ཅན་སྒྱུ་རྩལ་ཚོགས་པའི་ཁོངས་གཏོགས་སློབ་གྲྭར་རྒྱུགས་སྤྲོད་ཀྱི་ཡིན”ཞེས་བརྗོད་ཀྱི་ཡོད། ཁོང་ཚོའི་ཕུགས་འདུན་སྤྱིར་བཏང་ཞིག་ཡིན་ནའང་བློ་བརྟན་འགྱུར་མེད་ཡིན་པས། ལས་སྟེགས་དེ་བས་མཐོ་བའི་ཐོག་མུ་མཐུད་ཞབས་བྲོའི་ཕུགས་འདུན་དོན་གཉེར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭར་དགེ་རྒན་ཚོས་གཅེས་སེམས་ཟབ་ལ་ངང་རྒྱུད་ཧ་ཅང་རིང་པོས་དུས་ཚོད་མང་པོ་སྤྱོད་དགོས་པ་དང་ཕྲུ་གུ་རྣམས་ཀྱིས་ངེས་པར་དུ་མི་གཞན་ལས་ལྷག་པའི་འབད་བརྩོན་ལྡབ་བརྒྱ་བྱེད་དགོས་ཀྱི་ཡོད། ལོ་དྲུག་ལ་སླེབས་ཤིང་ཐང་ཧྲིའི་ནད་རྟགས་ཡོད་པའི་བྱིས་པ་བསྟན་འཛིན་ཐོག་མར་ཡོང་དུས་བློ་ཁོག་ཆུང་ལ་འཚེར་སྣང་ཆེན་པོ་ཡོད། ད་ལྟ་སེམས་ཁམས་ཀྱི་འགོག་རྐྱེན་ཁྱད་བསད་བྱས་ནས་དགེ་རྒན་དང་སློབ་གྲོགས་ལ་གུས་ཞབས་ལྡན་པའི་ངང་ཁམས་བདེའི་འཚམས་འདྲི་བྱེད་ཐུབ་པ་མ་ཟད། རང་མགོ་ཐོན་གྱི་ཡོད་པ་རེད། ལོ་བཅུ་ལ་སླེབས་པའི་ཀླད་ཞའི་ནད་ཕོག་པའི་བྱིས་པ་རྡོ་རྗེ་སློབ་གྲྭར་ཞུགས་མ་ཐག་རང་མགོ་མི་ཐོན་པ་མ་ཟད། ལྟོའང་མི་གཞན་གྱིས་སྟེར་དགོས་ཀྱི་ཡོད། ལུས་གསོའི་སྦྱོང་བརྡར་བྱས་པ་བརྒྱུད་ད་ཆ་ཁོང་རང་ཉིད་ཀྱིས་ལྟོ་ཟ་ཐུབ་པ་མ་ཟད། གོམ་པ་རྒྱག་སྐབས་མི་གཞན་དང་ཁྱད་པར་མེད། ལོ་བཅུ་གཉིས་ལ་སླེབས་པའི་འགུལ་མང་ནད་ཕོག་པའི་བྱིས་པ་ལྷག་པ་སྔོན་ཆད་སློབ་གྲོགས་དང་འབྲེལ་འདྲིས་བྱེད་དཀའ་མོད། ད་ཆ་གུས་ཞབས་ལྡན་པའི་བྱིས་པ་ཞིག་ལ་གྱུར་ཡོད།

    སློབ་གྲྭའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་ཀྱིས“ང་ཚོས་དམིགས་བསལ་སློབ་གསོའི་ལས་ཀ་བྱེད་ཀྱི་ཡོད་པས། དགེ་རྒན་དང་ལས་བཟོ་ཡོངས་ཀྱིས་ཕྲུ་གུ་ཚང་མར་བརྩེ་བ་ཟབ་མོ་བཅངས་དགོས་པའི་བླང་བྱ་བཏོན་ཡོད”ཅེས་ནན་བཤད་བྱས། སློབ་སྤྱི་ཀོན་ཐེན་གྱིས“ང་ཚོའི་དགེ་རྒན་དང་ཕྲུ་གུ་ཚང་མར་སྐྱིད་སྣང་ཧ་ཅང་ཆེན་པོ་ཡོད། ཕྲུ་གུ་རེ་རེའི་ཡར་རྒྱས་ནི་ང་ཚོའི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན”ཞེས་བཤད།

    ཡུན་རིང་མ་སོང་གོང་། ལྷོ་ཁ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭར་རྒྱལ་ཡོངས་ཀྱི་རང་བརྩོན་གྱི་དཔེ་བཟང་དང་དབང་པོ་སྐྱོན་ཅན་ལ་རོགས་རམ་གྱི་སྔོན་ཐོན་གཟེངས་བསྟོད་ཚོགས་ཆེན་ཐེངས་བདུན་པའི་ཐོག“རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལས་དོན་གྱི་སྔོན་ཐོན་ཚོགས་པའི”གཟི་བརྗིད་མཚན་སྙན་ཐོབ་ཡོད། གཟི་བརྗིད་ཆེན་པོ་དེ་ནི་སྐད་གྲགས་མེད་པར་འབད་བརྩོན་བྱེད་མཁན་དགེ་རྒན་དང་ལས་བཟོ་ཚོ་དང་འབད་བརྩོན་ལྷོད་མེད་བྱེད་མཁན་ཕྲུ་གུ་ཚང་མར་གནང་བའི་བསྔགས་བརྗོད་ཡག་ཤོས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།