དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • དུས་རབས་གསར་པའི《སློབ་ཆེན་བོད་སྐད་ཡིག》སློབ་ཚན་གྱི་ནང་དོན་བཀོད་སྒྲིག་བྱེད་སྟངས་དང་ཁ་ཕྱོགས་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-06

    སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱང་ལམ་གསར་པའི་ཐོག་དུས་རབས་གསར་པའི་སློབ་ཆེན་བོད་ཡིག་སློབ་ཚན་ལ་སྔ་ན་མེད་པའི་བླང་བྱ་གསར་པ་བཏོན་ཡོད་པ་སྨོས་མེད་རེད། བོད་ཡིག་སློབ་ཚན་ནང་བོད་ཀྱི་རྩོམ་རིག་དང་ལོ་རྒྱུས། བརྡ་སྤྲོད་བཅས་ནང་དོན་ཕུན་སུམ་ཚོགས་པོ་འདུས་ཡོད་སྟབས། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་མཐུན་པའི་སྒོ་ནས་བོད་སྐད་ཡིག་སློབ་ཁྲིད་ཀྱི་ལས་དོན་ཇི་ལྟར་གཉེར་བ་དང་། ནང་དོན་ལ་སྙིང་དོན་ཇི་ལྟར་ལྡན་དགོས་ཚུལ་ཐད་བསམ་གཞིག་ནན་པོ་མཛད་དགོས། དོན་དམ་དུ། ནང་དོན་ལེགས་པའི་རྩོམ་ཡིག་ཅིག་གིས་སློབ་མ་ཚོར་གང་ཞིག་ལ་དགའ་ཞེན་བྱེད་དགོས་པ་དང་། གང་ཞིག་དོར་བྱ་ཡིན་པ། གང་ཞིག་ལ་བརྩི་བཀུར་དང་གང་ཞིག་ལ་སུན་འབྱིན་བྱེད་དགོས་ལུགས་སོགས་ཀྱི་བླང་དོར་གནད་ལ་འཁེལ་བའི་སློབ་གསོ་གཏོང་བ་དང་། མི་རྣམས་རྨོངས་གཉིད་ལས་སད་དེ་སེམས་ཤུགས་འཕེལ་བ་དང་། བདེན་དོན་རྟོགས་པའི་ནུས་པ་སོགས་གསོ་སྐྱོང་བྱེད་ཐུབ། གཤམ་དུ་དུས་རབས་གསར་པའི་སློབ་ཆེན་བོད་ཡིག་སློབ་ཚན་གྱི་ནང་དོན་བཀོད་སྒྲིག་བྱེད་སྟངས་དང་ཁ་ཕྱོགས་སྐོར་རགས་ཙམ་གླེང་ན།

    དང་པོ། དུས་རབས་གསར་པའི་སློབ་ཆེན་བོད་ཡིག་སློབ་ཚན་ལ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་ལྡན་དགོས།

    བོད་སྐད་ཡིག་གི་བསླབ་གཞིའི་ནང་དྲངས་པའི་བརྩམས་ཆོས་ལ་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་མཐུན་པའི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་ལྡན་དགོས་ཏེ། དེ་ལྟར་བྱས་ན་སློབ་མ་ཚོས་རྩོམ་རིག་ལྟ་ཀློག་བརྒྱུད་དངོས་ཤུགས་བརྒྱུད་གསུམ་ནས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ལ་རྒྱུས་མངའ་ལོན་པ་དང་། དགའ་མོས་སྐྱེ་བ། དར་སྤེལ་གཏོང་བ་བཅས་ལ་དགེ་མཚན་ཆེན་པོ་ལྡན་པ་སྨོས་མེད་རེད་ལ། ལོ་རྒྱུས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ནས་སློབ་མའི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཁོང་ཚོས་མཐུན་སྒྲིལ་ནི་རྒྱལ་ཁའི་རྩ་བ་ཡིན་པ་ཤེས་རྟོགས་ཐུབ་ངེས། དཔེར་ན། 《དབུས་གཙང་མངའ་རིས་དང་བཅས་པའི་དགེ་བའི་བཤེས་གཉེན་ཡོན་མཆོད་རྣམས་ལ་སྤྲིངས་པ》 ཞེས་པའི་རྩོམ་ཡིག་ལས་སློབ་མ་རྣམས་ལ་བོད་ནི་གནའ་སྔ་མོ་ནས་མེས་རྒྱལ་གྱི་མངའ་ཁོངས་བསྙོན་མེད་ཅིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་དང་ས་པཎ་གྱིས་རྒྱལ་ཁབ་གཅིག་གྱུར་ཡོང་བར་མཛད་རྗེས་བླ་ན་མེད་པ་བཞག་ཚུལ་ངོ་སྤྲོད་ཞུས་པའི་ཐོག་ནས་ལོ་རྒྱུས་གསལ་རྟོགས་ཡོང་བར་སྐུལ་ལྕག་དང་སློབ་མའི་རྒྱལ་གཅེས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་དགེ་མཚན་ལྡན། དེ་མིན་འཕྲིན་ལས་ཆོས་གྲགས་ཀྱིས་བརྩམས་པའི《དཔལ་ཞ་ལུ་གསེར་ཁང་དུ་བསྐྱོད་པའི་མཐོང་ཐོས》ལས། ཞ་ལུ་དགོན་པ་ནི་བོད་མི་རིགས་ཀྱིས་མི་རིགས་རང་གི་རིག་གནས་འཕེལ་རྒྱས་དང་། སྤུན་ཟླ་མི་རིགས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་ལ་བྱས་རྗེས་རླབས་པོ་ཆེ་བཞག་ཡོད་པ་དང་། ལྷག་པར་དུ། དགོན་པའི་བཟོ་སྐྲུན་གྱི་བཀོད་པ་ཆ་ཡོངས་ནས་བལྟས་ན་རྒྱ་ནག་གི་དགོན་པ་དང་ལྷ་ཁང་གི་བཀོད་པའི་ཁྱད་ཆོས་ལྡན་པ་དང་། རྒྱ་ནག་གི་བཟོ་བོ་མཁས་ཅན་ཚོའི་ལག་རྒྱུན་བོད་དུ་སྤེལ་བ་དེས་གཙུག་ལག་ཁང་དེ་ཉིད་རྒྱ་བོད་མི་རིགས་དབར་རིག་གནས་སྤེལ་རེས་དང་མཛའ་མཐུན་མཉམ་ལས་ཀྱི་དཔང་རྟགས་སུ་གྱུར་པ་ངོ་སྤྲོད་བྱས་ཡོད། བོད་ཀྱི་ལོ་ངོ་སྟོང་གི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ལྡུམ་རའི་ནང་གི་བཀྲག་མདངས་རྣམ་པར་ཆེ་བའི་མེ་ཏོག་ཆུན་པོ་ཞིག་ཡིན་པས། དེ་ནི་དུས་རབས་གསར་པའི་བོད་ཡིག་རྩོམ་གཞུང་སློབ་ཚན་ལ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་ལྡན་དགོས་ཞེས་བརྗོད་པའི་རྒྱུ་མཚན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་དམིགས་ནས་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་བྱ་བ་སྒྲུབ་པར་སྐུལ་སློང་བྱེད་དགོས”ཞེས་གསུངས་པ་ལྟར། སློབ་མ་རྣམས་ཀྱིས་ཀྱང་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་སྙིང་ཁར་བཅངས་ཏེ། སེ་འབྲུའི་རྡོག་པོ་གཅིག་ཏུ་བསྒྲིལ་བ་བཞིན་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས། རྡོག་རྩ་གཅིག་སྒྲིལ་གྱིས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་སྔོག་འདོན་གང་ཐུབ་བྱེད་དགོས།

    གཉིས་པ། དུས་རབས་གསར་པའི་སློབ་ཆེན་བོད་ཡིག་སློབ་ཚན་ལས་དམངས་ཀྱི་འདུ་ཤེས་དང་བསམ་འདུན་མཚོན་དགོས།

    བྱུང་རིམ་ལས་མི་དམངས་ཀྱི་གྲིབ་གཟུགས་གསལ་བ་དང་བརྗོད་དོན་ལས་མི་དམངས་ཀྱི་སྣང་བརྙན་མཐོང་བ། སྙིང་དོན་ལས་དམངས་ཀྱི་འདུ་ཤེས་མཚོན་དགོས་རྒྱུ་ནི་དུས་རབས་གསར་པའི་བོད་ཀྱི་རྩོམ་རིག་གི་བླང་བྱ་དང་དགོས་མཁོ་རེད་སྙམ། དེ་ཡང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པའི་ནང་། རིག་རྩལ་བརྩམས་ཆོས་ཤིག་ཡིན་ན་ངེས་པར་དུ་མི་དམངས་ལྟེ་བར་འཛིན་དགོས་པའི་བླང་བྱ་བཏོན་གནང་ཡོད། དེས་ན་ང་ཚོས་སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་གསར་རྩོམ་ཁོ་ན་བྱེད་པ་ལས་མི་དམངས་དང་དོན་དངོས་ཀྱི་འཚོ་བ་དང་རྒྱང་དུ་གྱེས་པའི་བརྩམས་ཆོས་ལ་སྐྱོན་བརྗོད་དང་དགག་སྒྲུབ་བྱེད་རྒྱུ་གལ་ཆེ་སྟེ། རྒྱུ་མཚན་ནི་བརྩམས་ཆོས་དེ་དག་ལས་དམངས་ཀྱི་འདུ་ཤེས་དང་བསམ་འདུན་མཚོན་ཐུབ་མེད། དེས་ན་ང་ཚོས་དོན་དངོས་འཚོ་བ་ལ་བརྟག་ཞིབ་ནན་ཏན་དང་མི་དམངས་ཀྱི་འཚོ་བ་ལ་དོ་ཁུར་ཟབ་མོ་བྱས་ཏེ། མི་དམངས་ཀྱི་དགའ་སྐྱོ་ཟུང་ལྡན་གྱི་འཚོ་བ་དངོས་དེ་བརྩམས་ཆོས་ཀྱི་རྒྱུ་ཆར་བྱས་ནས། མི་དམངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་བསམ་པའི་ལོངས་སྤྱོད་ཀྱི་དགོས་མཁོ་སྐོང་བའི་རྩོམ་རིག་བརྩམས་ཆོས་གང་མང་གསར་རྩོམ་བྱེད་དགོས། རིན་ཆེན་བཀྲ་ཤིས་ལགས་ཀྱིས། “ལོ་རྒྱུས་ཐོག་གི་སྐད་གྲགས་ཆེ་བའི་རྩོམ་མཁན་རྣམས་ནི་རླབས་ཆེན་གྱི་བསམ་བློ་བ་ཡིན། ཁོང་ཚོས་སེམས་ནུས་ཡོད་རྒུ་བཏོན་ནས་མི་དམངས་ཀྱི་རེ་འདུན་དང་ཕུགས་བསམ། དགོས་མཁོ་སོགས་མཚོན་པའི་བརྩམས་ཆོས་མང་པོ་གསར་རྩོམ་གནང་ཡོད”ཅེས་གསུངས་པ་བཞིན། དམངས་ཀྱི་བསམ་འདུན་མཚོན་པ་དང་། དམངས་ལ་བསྟོད་གླུ་འབུལ་བ། དམངས་ཀྱི་ལས་དབང་ཞིབ་འབྲི་བྱས་པའི་བོད་ཀྱི་རྩོམ་རིག་བརྩམས་ཆོས་མང་ཙམ་སློབ་ཆེན་བོད་སྐད་ཡིག་སློབ་ཚན་ནང་བཅུག་ནས་སློབ་ཁྲིད་གནང་རྒྱུ་ནི་དུས་རབས་གསར་པའི་དགོས་མཁོ་དང་ཁ་ཕྱོགས་ཤིག་ཏུ་གྱུར་ཡོད། དཔེར་ན། བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་བྱུང་བའི་ལོ་རྒྱུས་ཀྱི་དོན་རྐྱེན་སྣ་ཚོགས་བརྗོད་བྱར་བྱས་པའི་རྩོམ་ཡིག《གཙུག་གཡུ》དང་། 《དྭ་ཕྲུག་གི་ལས་དབང》 《འཇུར་རྟ་སྤེན་ཚེ》སོགས་ལས་ཞིང་བྲན་ཚོས་ཆབ་སྲིད་ཐད་རང་དབང་དང་འཚོ་བར་བདེ་སྐྱིད་ཐོབ་པའི་རེ་སྨོན་བྱེད་པ་མཚོན་ཡོད། སློབ་མ་ཚོས་བརྩམས་ཆོས་དེ་དག་ལྟ་ཀློག་བྱས་པ་བརྒྱུད། དངོས་ཤུགས་བརྒྱུད་གསུམ་ནས་ཏང་གི་བཀའ་དྲིན་ཚོར་ཐུབ་པ་དང་། མི་དམངས་ལ་དགའ་ཞེན་དང་ངལ་རྩོལ་ལ་སྤྲོ་བ་འཕེལ་བ། རང་དོན་རྒྱབ་བསྐྱུར་གྱི་གཤིས་བཟང་རྒྱུད་ལ་འཇགས་པར་དགེ་མཚན་ཆེན་པོ་ལྡན་ཡོད་པས། དེ་ནི་དུས་རབས་གསར་པའི་བོད་ཡིག་སློབ་ཚན་ལས་དམངས་ཀྱི་འདུ་ཤེས་དང་བསམ་འདུན་མཚོན་དགོས་ཞེས་བརྗོད་པའི་རྒྱུ་མཚན་ཡིན།

    གསུམ་པ། དུས་རབས་གསར་པའི་སློབ་ཆེན་བོད་ཡིག་སློབ་ཚན་ལ་བཟང་སྤྱོད་རྒྱུན་འཛིན་གྱི་བླང་བྱ་ལྡན་དགོས།

    དེ་ཡང་བོད་ཀྱི་གཏམ་དཔེར། ལྕང་གསར་གཞོན་དུས་འདྲོངས་ན་འདྲོངས་པ་རེད། ལྕང་རྒན་སྲོང་སྲོང་མང་ན་ཆག་པའི་ཉེན་ཞེས་པ་ལྟར། མི་ཞིག་ལ་ཡ་རབས་ཚུལ་ལྡན་གྱི་སྤྱོད་བཟང་དང་བློ་བརྟན་ཞུམ་མེད་ཀྱི་སྙིང་སྟོབས་གསོ་བ་ལ་ཐོག་མར་གཞོན་ནུའི་དུས་ནས་ཀུན་སྤྱོད་སློབ་གསོ་གཏོང་རྒྱུ་གལ་ཆེ་སྟབས། ཆུང་དུས་ནས་བཟང་སྤྱོད་རྒྱུད་ལ་འཇགས་པ་དང་བདེན་དོན་ཧུར་ལེན་གྱི་ཐབས་ལ་ཅིས་ཀྱང་འབད་དགོས། དཔེར་ན། ཚེ་རིང་དོན་གྲུབ་ཀྱི《གཞོན་ནུའི་རང་སྒྲ་དབྱར་གྱི་རྔ་གསང》ལས། གཞོན་ནུ་ཚེ་རིང་གིས་ཚན་རིག་ལ་ཡིད་ཆེས་དང་རྨོངས་དད་ལ་ངོ་རྒོལ་གྱིས་བླ་མའི་ལུང་བསྟན་ལྟར་ནད་གཞི་ལྕི་ཡང་ནང་དུ་ཨུ་ཚུགས་ཀྱིས་སྡོད་པའི་ཨ་ཕ་ལྷ་སའི་སྨན་ཁང་དུ་སྐྱེལ་བའི་བྱུང་རིམ་ལས། གཞོན་ནུ་གང་དེའི་སྣང་བརྙན་བསྐྲུན་པའི་སྒོ་ནས་དུས་རབས་གསར་པའི་བོད་རིགས་གཞོན་ནུ་རྣམས་ཀྱི་བསམ་བློ་གསར་པ་དང་། སྤོབས་པ། སྙིང་སྟོབས་སོགས་མཚོན་ཡོད། གཞན་ཡང་། དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང《པད་མཚོ》དང《འབྲུག་མཚོ》ལས། བོད་རིགས་གཞོན་ནུ་མ་ཞིག་གིས་ཚན་རིག་ཤེས་བྱ་དང་། རིག་གནས་སློབ་སྦྱོང་བྱེད་པའི་སྙིང་སྟོབས། རང་གི་བདེ་སྡུག་ཁོ་ན་བསམས་ནས་མི་སྡོད་པར་འཚོ་བའི་ཆ་རྐྱེན་ཞན་པའི་འབྲོག་ཁུལ་དུ་བསྐྱོད་དེ་མི་རབས་རྗེས་མ་གསོ་སྐྱོང་ལ་ཞུགས་པའི་སྤྱོད་ཚུལ་བཟང་པོ་དང་སྙིང་སྟོབས་མཚོན་ཡོད་པས། དེ་ལས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བ་མ་ཟད། རང་ལས་གཞན་གཅེས་ཀྱི་བསམ་བློ་སྐྱེད་སྲིང་བྱེད་པར་ཁྲིད་སྟོན་ཡང་བྱེད་ཐུབ། དེ་ནི་དུས་རབས་གསར་པའི་སློབ་ཆེན་བོད་ཡིག་སློབ་ཚན་ལ་བཟང་སྤྱོད་རྒྱུན་འཛིན་གྱི་བླང་བྱ་ལྡན་དགོས་ཞེས་བརྗོད་པའི་རྒྱུ་མཚན་ཡིན།

    བཞི་པ། དུས་རབས་གསར་པའི་སློབ་ཆེན་བོད་ཡིག་སློབ་ཚན་ལ་གསར་གཏོད་ཀྱི་རང་བཞིན་ལྡན་དགོས།

    གསར་གཏོད་མེད་ན་སྒྱུ་རྩལ་གྱི་རིགས་གང་ལ་ཡང་འཕེལ་རྒྱས་ཀྱི་གཤོག་ཟུང་རྒྱས་མི་ཐུབ་པས། དུས་རབས་གསར་པའི་བོད་ཡིག་སློབ་ཚན་གྱི་ནང་དོན་བཀོད་སྒྲིག་བྱེད་པར་ཡང་གསར་གཏོད་ཀྱི་རང་བཞིན་ངེས་པར་ལྡན་དགོས། བསླབ་གཞིའི་ནང་དོན་དུ་འགྱུར་བའི་རྩོམ་རིག་གི་སྒྱུ་རྩལ་མཚོན་ཐབས་དང་རྒྱུ་ཆ། རྩོམ་ལུས། བཀོད་འབྲི། སྒྲིག་གཞི་སོགས་ལ་དུས་རབས་ཀྱི་ཁྱད་ཆོས་དང་གསར་གཏོད་ཀྱི་རང་བཞིན་ལྡན་དགོས་པར་མ་ཟད། འཛམ་གླིང་སྤྱིའི་འཕེལ་རྒྱས་ཀྱི་གོམ་སྟབས་དང་མཐུན་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོས་མཁོར་གཞིགས་ཏེ་བསླབ་གཞིའི་ནང་དོན་ལའང་དུས་རབས་ཀྱི་ཁྱད་ཆོས་དང་མི་དམངས་ཀྱི་ཁྱད་ཆོས། སྒྱུ་རྩལ་གྱི་ཁྱད་ཆོས། མཛེས་དཔྱོད་ཀྱི་ཁྱད་ཆོས་ཅིས་ཀྱང་ལྡན་དགོས། དོན་གྲུབ་རྒྱལ་གྱི་བརྩམས་ཆོས《རྐང་ལམ་ཕྲ་མོ》ལྟ་བུའི་སློབ་ཚན་ཉན་པ་བརྒྱུད། སློབ་མའི་རྒྱུད་ལ་སྒྱུ་རྩལ་གྱི་ལོངས་སྤྱོད་དཔག་མེད་ཐོབ་པ་དང་ཆབས་ཅིག བྱ་དངོས་ལ་ངོས་འཛིན་བྱེད་པའི་ནུས་པ་དང་གསར་གཏོད་ཀྱི་སྤོབས་སེམས་དང་། དགག་སྒྲུབ་ཀྱི་སྙིང་སྟོབས་སོགས་རང་རྒྱུད་ལ་འཕེལ་བར་ཡང་ནུས་པ་ཆེན་པོ་ཐོན་ངེས། གཞན་ཡང་། དུས་རབས་གསར་པ་ནི་གསར་གཏོད་ཀྱི་དུས་རབས་ཤིག་ཡིན་པས། སློབ་ཆེན་བོད་ཡིག་སློབ་ཚན་གྱི་ནང་དོན་ལའང་གཞོན་ནུ་ལོ་ཆུང་གི་གསར་གཏོད་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱེད་པའི་རིན་ཐང་ཅིས་ཀྱང་ལྡན་དགོས།

    མདོར་ན། སློབ་གསོ་སློབ་ཁྲིད་ཀྱིས་མི་དམངས་ལ་ཞབས་འདེགས་ཇི་ལྟར་ཞུ་དགོས་པ་དང་། བོད་ཡིག་སློབ་ཚན་དེ་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་འགྲོས་དང་མཐུན་ཞིང་དུས་རབས་གསར་པར་རང་ངོས་ཀྱི་རིན་ཐང་ཇི་ལྟར་མངོན་དགོས་ཚུལ་ལ་མུ་མཐུད་བསམ་གཞིག་དང་དཔྱད་དཔོག་གནང་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེའོ།

    (ལྷ་ས་དགེ་འོས་ཆེད་ཚན་སློབ་གྲྭའི་ཟླ་བ་བུ་ཁྲིད)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།