དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ཀྱི་གཞོན་ནུ་ལོ་ཆུང་ཚོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་གསར་འགྱུར་ཚགས་པར།    |     སྤེལ་དུས།  2025-06-02

    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་ཡིན་པ་དང་། སློབ་གསོ་ནི་གཙོ་ཐིག་དེ་ལག་བསྟར་མཐར་ཕྱིན་བྱེད་པའི་དམ་འཛིན་བྱེད་ས་གལ་ཆེན་ཞིག་ཡིན། བོད་ཀྱི་འབྱུང་འགྱུར་འཛུགས་སྐྲུན་གྱི་སྟོབས་ཤུགས་གསར་པ་ཞིག་ཡིན་པའི་ངོས་ནས་བོད་ཀྱི་གཞོན་ནུ་ལོ་ཆུང་ཚོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་ནི་ལྗོངས་ཡོངས་ཀྱི་སློབ་གསོའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན།

    སྨྱུག་འཛིན་པས་བོད་ལྗོངས་སློབ་གྲྭ་ཆེན་མོའི་དཔལ་འབྱོར་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཚན་རིག་ཞིབ་འཇུག་ཚོགས་པ་དང་ལྷན་དུ་བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་6གི་སློབ་འབྲིང་དང་སློབ་ཆུང་8ཀྱི་སློབ་མར་བརྟག་དཔྱད་འདྲི་ཤོག་སྤྲད་པ་བརྒྱུད། མིག་སྔར་བོད་ཀྱི་གཞོན་ནུ་ལོ་ཆུང་ཚོའི་སློབ་གསོའི་ཁྲོད་མ་འདང་བའི་ཆ་ཁ་ཤས་ཡོད་པ་ཤེས་རྟོགས་བྱུང་བ་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྐོར་གྱི་ཤེས་རྒྱ་ཆུང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཞེས་པ་ཡང་སྙིང་ཅི་ཞིག་ཡིན་པ་ཁ་གསལ་དེ་ཙམ་མེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་དོན་གང་ཡིན་པ་དང་གང་འདྲ་བྱས་ནས་འདུ་ཤེས་བརྟན་པོ་འཛུགས་དགོས་མིན་ཐད་ལ་བསམ་གཞིག་གཏིང་ཟབ་བྱེད་མི་ཐུབ་པ། དེ་མིན་སློབ་གྲྭ་ཁག་གཅིག་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོའི་མ་ལག་འཐུས་ཚང་ཞིག་མེད་པ་རེད།

    བོད་ཀྱི་གཞོན་ནུ་ལོ་ཆུང་ཚོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་ང་ཚོས་གཤམ་གྱི་ཐབས་ལམ་འགའ་ཤས་གླེང་རྒྱུ་ཡིན།

    གཅིག གཞོན་ནུ་ལོ་ཆུང་ཚོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ངེས་ཤེས་ནུས་པ་མཐོ་རུ་གཏོང་དགོས།

    བོད་ཀྱི་གཞོན་ནུ་ལོ་ཆུང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་ངོས་འཛིན་ཁ་གསལ་ཞིག་དགོས་རྒྱུ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། ཐོག་མར་གཞོན་ནུ་ལོ་ཆུང་ཚོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ངེས་ཤེས་ནུས་པ་མཐོ་རུ་གཏོང་དགོས། བོད་ལྗོངས་འདི་ཉིད་སྔ་མོ་ནས་བཟུང་ཀྲུང་གོ་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། བཙན་པོའི་རྒྱལ་རབས་དང་ཀྲུང་ཡོན་རྒྱལ་རབས་དབར་སྤེལ་རེས་བྱས་པ་ནས་ཡོན་རྒྱལ་རབས་སྐབས་སུ་བོད་ལྗོངས་འདི་ཉིད་དངོས་སུ་ཀྲུང་དབྱང་སྲིད་གཞུང་གི་སྲིད་འཛིན་དོ་དམ་མངའ་ཁོངས་སུ་བཅུག་པའི་བར་དང་། དེ་ནས་མིང་ཆིང་དུས་སྐབས་སུ་བོད་ལྗོངས་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་ནས་ཉེ་རབས་དང་དེང་རབས་སྐབས་སུ་བོད་ལྗོངས་ཀྱིས་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་མོའི་ནང་ཐུན་མོང་ཐོག་འབད་འཐབ་དང་འཕེལ་རྒྱས་གཏོང་ཚུལ་བཅས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་བལྟས་ཚེ། བོད་ལྗོངས་དང་མེས་རྒྱལ་དབར་འབྲེལ་བ་དམ་ཟབ་ཡོད་པ་གསལ་པོར་མཚོན་ནུས་པས། བོད་ཀྱི་གཞོན་ནུ་ལོ་ཆུང་ཚོར་ལོ་རྒྱུས་ཀྱི་འཕེལ་རིམ་དེར་རྒྱུས་ལོན་གཏིང་ཟབ་བྱེད་དུ་བཅུག་སྟེ་མི་སྒེར་གྱི་འཚར་ལོངས་དེ་ཀྲུང་ཧྭ་མི་རིགས་ཧྲིལ་པོའི་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་བྱེད་དགོས། དེ་ནས་གཞོན་ནུ་ལོ་ཆུང་ཚོས་སྣ་མང་གཞི་གཅིག་གི་མི་རིགས་ཆགས་སྟངས་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། བོད་ལྗོངས་སུ་སྣ་མང་གི་མི་རིགས་རིག་གནས་དང་ཆོས་ལུགས་དད་མོས་ཡོད་པས། གཞོན་ནུ་ལོ་ཆུང་ཚོས་སྣ་མང་གཞི་གཅིག་གི་རིག་གནས་ནི་ཕན་ཚུན་བརྟེན་རེས་དང་ཕན་ཚུན་སྐུལ་སྤེལ་གཏོང་རེས་ཡིན་པ་ངོས་འཛིན་ཐུབ་པ་དང་། ཁྱད་པར་ལ་བརྩི་འཇོག་དང་སྣ་མང་ལ་བསྟུན་མཁས་བྱེད་པའི་རྨང་གཞིའི་ཐོག་མི་རིགས་ཀྱི་རིག་གནས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བརྩོན་ལེན་བྱེད་དགོས། མཇུག་ཏུ་གཞོན་ནུ་ལོ་ཆུང་ཚོར་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས། ཚན་རྩལ་སོགས་ཀྱི་ཁྱབ་ཁོངས་སུ་བོད་ཀྱི་མི་རིགས་ཁག་དབར་གྱི་སྤེལ་རེས་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ཏེ་མི་རིགས་མཐུན་སྒྲིལ་ལས་བྱུང་བའི་སྟོབས་ཤུགས་ཆེན་པོ་དངོས་སུ་ཤེས་རྟོགས་ཐུབ་པ་བྱེད་དགོས།

    གཉིས། གཞོན་ནུ་ལོ་ཆུང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་འཛིན་པའི་ངོས་འཛིན་ཟབ་ཏུ་གཏོང་དགོས།

    བོད་ཀྱི་གཞོན་ནུ་ལོ་ཆུང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་འཛིན་པའི་ངོས་འཛིན་གཏིང་ཟབ་བྱུང་ཁར་སེམས་ལ་ཟུག་པ་ཞིག་བྱུང་ན་བྱ་སྤྱོད་དངོས་ཀྱི་ཁྲོད་དུ་རང་འགུལ་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་སྲུང་བྱེད་ཐུབ། གཅིག་ནས་སྔ་མོ་ནས་བཟུང་བོད་ལྗོངས་དང་ནང་སའི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་དོན་དངོས་རྣམས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱེད་དགོས། དཔེར་ན། མི་རིགས་ཀྱི་དབྱེ་མཚམས་ལས་བརྒལ་ཞིང་མི་སེམས་འགུལ་བའི་དམངས་ཁྲོད་ཀྱི་གཏམ་རྒྱུད་དང་། བོད་རིགས་དང་རྒྱ་རིགས་ཀྱིས་གཙོས་པའི་མི་རིགས་ཁག་གི་སྤུན་ཟླས་རང་བྱུང་གནོད་འཚེར་ཁ་གཏད་གཅོག་སྐབས་ཕན་ཚུན་རོགས་སྐྱོབ་དང་དཀའ་གནད་མཉམ་སྒྲོལ་བྱེད་པའི་བྱས་རྗེས་ཁག་ངག་ཐོག་གམ་འཁྲབ་སྟོན་གྱི་ལམ་ནས་གཞོན་ནུ་ལོ་ཆུང་ཚོའི་སེམས་ནང་ཟུག་པར་བྱས་ཤིང་། མི་རིགས་ཁག་གི་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱེད་པའི་བརྩེ་བ་ཟབ་མོར་མྱོང་གོམས་བྱས་ནས་སེམས་ཀྱི་གཏིང་ནས་མི་རིགས་ཁག་ནི་གཅིག་མཐུན་གྱི་ཤ་ཁྲག་རྒྱུད་པའི་འབྲེལ་བ་ཡོད་པའི་ཁྱིམ་ཚང་གཅིག་ཡིན་པ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་དགོས། གཉིས་ནི་སྨྱན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བྱས་རྗེས་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གིས་ལག་གདང་སྦྲེལ་ནས་དཔལ་འབྱོར་འཕེལ་རྒྱས་དང་། རིག་གནས་རྒྱུན་འཛིན། སྤྱི་ཚོགས་འཛུགས་སྐྲུན་སོགས་ཀྱི་ཁྲོད་དུ་བཏོད་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ལ་དམ་པོར་དམིགས་ཤིང་། དཔེ་མཚོན་གསོན་པོ་དང་མིག་དཔེའི་སྟོབས་ཤུགས་ཀྱིས་གཞོན་ནུ་ལོ་ཆུང་ཚོར་སེམས་འགུལ་ཐེབས་སུ་བཅུག་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་རིན་ཐང་བརྩོན་ལེན་དང་བྱ་སྤྱོད་ཀྱི་ཚད་གཞི་ཞིག་ལ་རིམ་བཞིན་འགྱུར་བ་བྱེད་དགོས།

    གསུམ། སློབ་གྲྭས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོའི་གཡུལ་ས་གཙོ་བོའི་ནུས་པ་སྲ་བརྟན་དུ་གཏོང་དགོས།

    སློབ་གསོ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་ཐབས་ལམ་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། སློབ་གྲྭ་ནི་གཞོན་ནུ་ལོ་ཆུང་ཚོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོ་སྤེལ་སའི་གཡུལ་ས་གཙོ་བོ་ཡིན་པས། བོད་ལྗོངས་ཀྱི་སློབ་འབྲིང་དང་སློབ་ཆུང་ཁག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོའི་གཡུལ་ས་གཙོ་བོའི་ནུས་པ་སྲ་བརྟན་དུ་གཏོང་དགོས། གཅིག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོའི་ཆེད་ལས་རང་བཞིན་དང་དགེ་རྒན་གྱི་ཆེད་ལས་རང་བཞིན་ལ་ཤུགས་སྣོན་རྒྱག་དགོས། གཞན་ཡང་ཆེད་དུ་དམིགས་པའི་སློབ་དེབ་ལ་ཞིབ་འཇུག་གང་མགྱོགས་བྱས་པའི་ཁར། ཆེད་དུ་དམིགས་པའི་སློབ་ཚན་གཙོ་བོ་བཀོད་སྒྲིག་བྱས་ཏེ་སློབ་ཁྲིད་ཀྱི་དམིགས་སའི་རང་བཞིན་འགན་ལེན་བྱེད་དགོས། གཉིས་ནས་སློབ་གསོ་རྒྱག་སྟངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སློབ་ཚན་ཁྲོད་སྣ་མང་ཅན་གྱི་སློབ་ཁྲིད་བྱེད་ཐབས་སྤྱད་དེ་འབྲེལ་ཡོད་ཀྱི་སློབ་གྲྭའི་རིག་གནས་བྱེད་སྒོ་དང་སྤྱི་ཚོགས་ལག་ལེན་བྱེད་སྒོ་མང་ཙམ་སྤེལ་དགོས། གསུམ་ནས་ལོ་ཚོད་མི་འདྲ་བའི་སློབ་མར་དམིགས་པའི་ཁྱད་པར་ཅན་གྱི་སློབ་ཁྲིད་ཐབས་ཇུས་གཏན་འབེབས་བྱེད་དགོས་པ་དང་། སློབ་ཆུང་སློབ་མའི་ངོས་ནས་བརྗོད་ན་སློབ་ཁྲིད་ཐབས་ཇུས་ཁྲོད་སྤྲོ་སྣང་རང་བཞིན་དང་ཐད་མཐོང་རང་བཞིན་གཙོ་བོར་འཛིན་དགོས། སློབ་འབྲིང་སློབ་མའི་ངོས་ནས་བརྗོད་ན་སློབ་ཁྲིད་དེ་སྔར་བས་བརྒྱུད་རིམ་ལྡན་ཁར་གཏིང་ཟབ་པ་ཞིག་དགོས། སློབ་ཆེན་གྱི་དུས་མཚམས་སུ་སློབ་ཁྲིད་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གསར་གཏོད་ལག་ལེན་གྱི་ནུས་པ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་དགོས། བཞི་ནས་སློབ་གྲྭས་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། གཞོན་ནུ་ལོ་ཆུང་ཚོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོའི་ཇུས་གཞི་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ཁྱིམ་བདག་དང་སྤྱི་ཚོགས་སྡེ་ཁག་མི་འདྲ་བར་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ནས། གཞོན་ནུ་ལོ་ཆུང་ཚོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ངོས་འཛིན་དང་ལག་ལེན་ཟུང་འབྲེལ་གང་ལེགས་བྱེད་དུ་འཇུག་དགོས།

    བཞི། སྤྱི་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོར་རམ་འདེགས་ཀྱི་ནུས་པ་གང་ལེགས་འདོན་དགོས།

    སྤྱི་ཚོགས་ཀྱི་ངོས་ནས་བརྗོད་ན་བོད་ཀྱི་སྤྱི་ཚོགས་ཁྱབ་ཁོངས་ཁག་དང་སྡེ་ཚན་ཁག་གིས་སློབ་གྲྭའི་གཡུལ་ས་གཙོ་བོ་དེར་གཞོགས་འདེགས་བྱས་ནས་རམ་འདེགས་ཀྱི་ལས་དོན་ཡག་པོ་བྱེད་དགོས་པ་དང་། ལྷག་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོའི་ཁྲོད་ཀྱི་ལག་ལེན་གྱི་ཆ་ཤས་ཁ་གསབ་ཡག་པོ་བྱེད་དགོས། སྲིད་གཞུང་ནས་ཆེད་དོན་སྲིད་ཇུས་གཏན་འབེབས་དང་། མ་དངུལ་རྒྱབ་སྐྱོར། དྲིལ་བསྒྲགས་དང་ཁྲིད་སྟོན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་བོད་ཀྱི་གཞོན་ནུ་ལོ་ཆུང་ཚོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་བརྟན་པོ་འཛུགས་པར་རྩེ་རིམ་གྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་པ་དང་། བོད་ཀྱི་རིམ་པ་ཁག་དང་། ས་གནས་ཁག ལས་ཁུངས་ཁག་བཅས་ཀྱི་ཚོགས་པའི་རྩ་འཛུགས་ཀྱིས་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་ཧུར་ཐག་བྱེད་དགོས། དཔེར་ན་ཁེ་ལས་དང་རིག་གནས་འགྲེམ་ཁང་སོགས་ཀྱིས་གཞོན་ནུ་ལོ་ཆུང་ཚོར་བརྒྱུད་རིམ་ལྡན་ཞིང་ཚན་རིག་དང་མཐུན་པའི་སློབ་གསོ་ལག་ལེན་གྱི་སྟེགས་བུ་ཞིག་བསྐྲུན་དགོས། (ཉི་མ་ཚེ་རིང་དང་ཚེ་བརྟན་རྡོ་རྗེས་བསྒྱུར)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།