དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • དམིགས་བསལ་སློབ་གསོའི་དྲིན་གྱིས་ན་ཆུང་དབང་པོ་སྐྱོན་ཅན་ཚོ་འཚར་ལོངས་ཡག་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-25

    “གལ་སྲིད་འུར་རྡོ་ལ་དཔེ་བཞག་ན། ཕྲུ་གུ་ཚོ་ནི་འུར་ཁུག་གི་རྡོ་ལྟ་བུ་དང་དགེ་རྒན་ནི་གཞོགས་གཉིས་ཀྱི་འུར་ཐག་ལྟ་བུ་ཡིན་ཏེ། ང་ཚོས་ཕྲུ་གུ་གསོ་སྐྱོང་ཡག་པོ་བྱས་ནས‘གཤོག་པ་ཆད་པའི་ལྷའི་ཕོ་ཉ’འདི་དག་བོད་བྱང་ཐང་གི་གནམ་ས་ཡངས་པོར་ཅི་དགར་རྩེན་དུ་འཇུག་རྒྱུ་ཡིན”ཞེས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭ་གཉིས་པའི་སློབ་སྤྱི་བསོད་ནམས་མཆོག་སྐྱིད་ཀྱིས་སློབ་གྲྭའི་འུར་རྡོའི་རིག་གནས་ལ་འགྲེལ་བཤད་བརྒྱབ།

    “ཁོ་མོ་འོན་པ་ཡིན་སྟབས་སློབ་སྦྱོང་གི་རྗེས་མ་ཟིན་པར་སློབ་གྲྭ་གྲོལ་ནས་ཁྱིམ་དུ་ལོག་རྗེས་རྟག་ཏུ་ངུ་གི་འདུག”ཅེས་རྒྱ་མཚོའི་ཨ་མས་རང་གི་བུ་མོར་བལྟས་ནས་དེ་ལྟར་བཤད། རྒྱ་མཚོར་ཚོད་ལྟའི་རྒྱུགས་ཆུང་ཁ་ཤས་བླངས་རྗེས། བསོད་ནམས་མཆོག་སྐྱིད་ཀྱིས་རྒྱ་མཚོའི་ཨ་མར་ཁོ་མོ་ནག་ཆུ་དམིགས་བསལ་སློབ་གསོའི་སློབ་གྲྭ་གཉིས་པར་སྐྱེལ་དགོས་པའི་ཁ་ཏ་བྱས།

    “སློབ་གྲྭར་བསླེབས་རྗེས། ཁོ་མོས་འཁྲིས་ཀྱི་མི་ཚང་མས་རང་ཉིད་དང་འདྲ་བར་ལག་བརྡ་བྱས་ནས་སྤེལ་རེས་དང་སློབ་སྦྱོང་བྱེད་པ་མཐོང་བས་རིམ་བཞིན་རང་ཡིད་རང་ཆེས་ཡོད་པར་གྱུར་སོང”ཞེས་བསོད་ནམས་མཆོག་སྐྱིད་ཀྱིས་དགའ་སྤྲོའི་ངང་བརྗོད།

    2013ལོར། ནག་ཆུ་གྲོང་ཁྱེར་གྱིས་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་པོ་སྟེ། ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭ་བཙུགས་ཚུན་དུ། སློབ་གྲྭར་སློབ་སྦྱོང་བྱེད་མུས་ཀྱི་མི་གྲངས་རྒྱུན་ཆད་མེད་པར་མང་དུ་དང་སློབ་བསྡུའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་བྱིས་པ་དབང་པོ་སྐྱོན་ཅན་དེ་བས་མང་པོ་ཞིག་གིས་དེ་བས་བསྟུན་མཁས་དང་འདྲ་མཉམ་གྱི་ཁོར་ཡུག་ཁྲོད་ནས་སློབ་གསོ་དང་ལེན་ཐུབ་ཡོད། 2022ལོའི་ཟླ་ལྔ་པར། ནག་ཆུ་དམིགས་བསལ་སློབ་གསོའི་སློབ་གྲྭ་གཉིས་པ་བཙུགས་ནས་གཙོ་བོར་རྣ་བའི་དབང་པོ་དང་མིག་གི་དབང་པོར་སྐྱོན་ཡོད་པའི་བྱིས་པ་བསྡུ་ལེན་བྱེད་ཀྱི་ཡོད་པ་རེད།

    བསོད་ནམས་མཆོག་སྐྱིད་ཀྱིས། “ང་ཚོ་ཕྲུ་གུའི་ཁྱིམ་དུ་བསྐྱོད་དེ་སློབ་གསོ་སྤེལ་བ་ནི་ཁོ་ཚོར་འཚོ་བའི་དངོས་ཟོག་སྐྱེལ་བ་ཙམ་མིན་པར་དེ་ལས་གལ་ཆེ་བ་ཞིག་ནི་ཁོ་ཚོར་རྩལ་ནུས་ཅུང་ཙམ་བསླབ་རྒྱུ་དེ་ཡིན”ཞེས་བཤད།

    མིག་སྔར། ནག་ཆུ་དམིགས་བསལ་སློབ་གསོའི་སློབ་གྲྭ་གཉིས་པར་ཁྱོན་སློབ་མ་92ཡོད་པའི་ནང་སློབ་མ་25ལ་ཁོང་ཚོའི་ཁྱིམ་དུ་བསྐྱོད་དེ་སློབ་ཁྲིད་བྱེད་ཀྱི་ཡོད། སློབ་མ་དེ་དག་ལས་མང་ཆེ་བ་ནི་ནག་ཆུ་གྲོང་ཁུལ་དང་ཐག་ཅུང་རིང་བའི་སོག་རྫོང་དང་འབྲི་རུ་རྫོང་སོགས་ནས་ཡིན། སློབ་གྲྭ་བཙུགས་ནས་ལོ་གསུམ་སོང་རིང་། དགེ་རྒན་ཚོ་ཕྲུ་གུའི་ཁྱིམ་དུ་བསྐྱོད་ནས་སློབ་ཁྲིད་བྱེད་ཚད་རིམ་རྩིས་བརྒྱབ་ན་ལམ་ཐག་སྤྱི་ལེ་2400དང་ཚོགས་ཐུན་362ཟིན་ཡོད་པ་རེད།

    “དགེ་རྒན་ཚོ་རྟག་ཏུ་ཡོང་གི་ཡོད་པས། ད་ཆ་ཕྲུ་གུས་བོད་ཡིག་འབྲི་ཤེས་པ་མ་ཟད། ད་དུང་རི་མོ་འབྲི་རྒྱུར་ཡང་ཧ་ཅང་དགའ་པོ་ཆགས་འདུག རྗེས་སུ་ཕྲུ་གུ་ཇེ་ལེགས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་ཨ་ཕ་བློ་བཟང་ཆོས་དར་གྱིས་སྐད་ཆ་ཤོད་སྐབས། བློ་བཟང་དངོས་གྲུབ་ཀྱིས་ཤོག་བུའི་ཐོག་ཏུ་བུ་ཆུང་ཆུང་ཞིག་དང་རླངས་འཁོར་ཆུང་ཆུང་ཞིག་བྲིས།

    2024ལོར། ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་རྒྱབ་སྐྱོར་འོག ནག་ཆུ་དམིགས་བསལ་སློབ་གསོའི་སློབ་གྲྭ་གཉིས་པའི་སློབ་མ་6ཀྲེ་ཅང་དུ་མཐོ་འབྲིང་འགྲིམས་པར་མངགས་པ་དང་། མཐོ་འབྲིང་དུས་མཚམས་ཀྱི་སློབ་སྦྱོང་མཇུག་འགྲིལ་རྗེས། ཁོང་ཚོ་ནག་ཆུར་ལོག་ནས་མཐོ་རྒྱུགས་ལ་ཞུགས་ཏེ་སོ་སོའི་སློབ་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་ཡིན་པ་རེད།

    རྒྱ་ཡིག་དང་། རྩིས་རིག བོད་ཡིག་སོགས་རིག་གནས་སློབ་ཚན་ཕུད། སློབ་གྲྭ་དེའི་ཕྲུ་གུ་ཚོས་ད་དུང་རོལ་མོ་དང་། ཞབས་བྲོ། འཚེམ་བཟོ་སོགས་ལས་རིགས་སློབ་གསོའི་སློབ་ཚན་བདམས་ནས་སོ་སོའི་འདོད་པ་ལྟར་རང་ཉིད་དང་འཚམ་པའི་འཕེལ་རྒྱས་གྱི་ལམ་བུ་འཚོལ་ཆོག་གི་ཡོད་པ་རེད།

    “སློབ་གསོ་དྲང་གཞག་ཅེས་པ་ནི་ཕྲུ་གུ་ཚང་མར་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་སྤྲད་ནས་ཁོ་ཚོར་སློབ་གྲྭ་འགྲིམས་རྒྱུ་ཡོད་པར་བྱེད་པ་མ་ཟད་ད་དུང་སློབ་གྲྭ་ཡག་པོ་འགྲིམས་རྒྱུ་ཡོད་པར་བྱས་ནས། ཁོ་ཚོ་སྤྱི་ཚོགས་སུ་བསྐྱོད་རྒྱུར་དེ་བས་རོགས་རམ་བྱེད་པ་དེ་ཡིན”ཞེས་བསོད་ནམས་མཆོག་སྐྱིད་ཀྱིས་བཤད།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་པའི་གློག་འཕྲིན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།