དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • རྒྱ་བོད་གསར་འགྱུར་ཡིག་སྒྱུར་སྐོར་ཅུང་ཟད་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-23

    བོད་ཀྱི་ཤེལ་དཔལ་གོང་འཕེལ་བྱུང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཡིག་སྒྱུར་གྱིས་ནུས་པ་བསམ་གྱིས་མི་ཁྱབ་པ་ཐོན་ཡོད། བོད་ཀྱི་སྔོན་བྱོན་ལོ་པཎ་རྣམས་ཀྱིས་ང་ཚོར་རིན་ཐང་བྲལ་བའི་འགྱུར་ཡིག་དང་ལོ་ཙཱའི་ཉམས་མྱོང་ཕུན་སུམ་ཚོགས་པོ་བཞག་ཡོད། དེ་ལྟ་བུའི་གནའ་རབས་ཀྱི་ཡིག་སྒྱུར་དང་དེང་གི་ཡིག་སྒྱུར་གཉིས་དབར་ནང་དོན་ཐད་ཁྱད་པར་ཡོད་ནའང་། དེ་དག་གི་སྒྱུར་ཐབས་ལ་ང་ཚོས་སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་པ་མང་པོ་ཡོད། དེང་སང་ཡིག་སྒྱུར་གྱི་ཁྱབ་རྒྱ་ཤིན་ཏུ་ཆེན་པོ་ཡིན་སྟབས། ང་རང་ནས་གང་རྒྱས་རྒྱས་ཤིག་གླེང་བར་མི་ནུས་ཀྱང་། ཉེ་བའི་ལོ་ཤས་ནང་གསར་འགྱུར་ཡིག་སྒྱུར་གྱི་ལག་ལེན་དངོས་ནང་ཞུགས་པའི་ཉམས་མྱོང་ཕྲན་བུ་ལྷན་རྒྱས་དང་གླེང་མོལ་གྱི་ཚུལ་དུ་ཕུལ་བ་ཡིན།

    གསར་འགྱུར་ཡིག་སྒྱུར་ནི་ཉེ་རབས་གསར་དུ་ཐོན་པའི་ཡིག་སྒྱུར་གྱི་ནང་ཚན་ཞིག་ཡིན་པ་དང་། དེ་ནི་གཙོ་བོ་རླུང་འཕྲིན་དང་། བརྙན་འཕྲིན། ཚགས་པར་སོགས་བརྒྱུད་དྲིལ་བསྒྲགས་བྱེད་པའི་ལས་དོན་ཞིག་རེད། སྤྱིར་ན་རྒྱ་བོད་གསར་འགྱུར་གྱི་ཡིག་སྒྱུར་དེ་ཡང་ཡིག་སྒྱུར་གྱི་ཆོས་ཉིད་དང་མཐུན་པའི་སྒོ་ནས་ཡིག་སྒྱུར་དོན་ལ་གནས་པ་དང་། བརྗོད་པ་བདེ་བ། ཚིག་སྙན་པ་བཅས་དགོས་པ་ཡིན། འོན་ཀྱང་། གསར་འགྱུར་ཡིག་སྒྱུར་བྱ་བ་དེ་རྩོམ་རིག་ཡིག་སྒྱུར་ལྟ་བུ་དང་བསྡུར་ན། དེར་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད།

    དང་པོ། གསར་འགྱུར་ཡིག་སྒྱུར་ལ་མྱུར་བའི་ཁྱད་ཆོས་ལྡན་པ།

    སྤྱིར་ན་གསར་འགྱུར་ལ་མྱུར་བའི་ཁྱད་ཆོས་ལྡན་ཡོད། དེས་ན་སྐད་རིགས་གཅིག་གི་གསར་འགྱུར་སྐད་རིགས་གཞན་ཞིག་ཏུ་སྒྱུར་སྐབས་ཀྱང་དེར་མྱུར་བའི་ཁྱད་ཆོས་ལྡན་དགོས། རྒྱ་བོད་གསར་འགྱུར་ཡིག་སྒྱུར་ལ་ཆ་མཚོན་ན། གསར་འགྱུར་ཡིག་སྒྱུར་གྱི་ལས་དོན་པ་ཚོས་གང་ཐུབ་ཅི་ཐུབ་ཀྱིས་རྒྱ་སྐད་གསར་འགྱུར་དེ་བོད་སྐད་དུ་ཕབ་སྒྱུར་ཞུས་ནས་དུས་ཐུང་ནང་གསན་མཁན་རྣམ་པའི་སྙན་ལམ་དུ་འབུལ་དགོས་ཀྱི་ཡོད། དེ་ཡང་ཐོན་མ་ཐག་པ་དང་འཐོན་བཞིན་པའི་གནས་ཚུལ་དག་དུས་ཐོག་ཏུ་བོད་སྐད་ཡིག་ཏུ་བསྒྱུར་ནས་རྒྱ་ཆེའི་བོད་སྐད་གསན་མཁན་ཚོར་ཞུ་དགོས་ཀྱི་ཡོད། ད་དུང་། དམིགས་བསལ་གྱི་གནས་ཚུལ་ལམ་ཡང་ན་དོན་སྙིང་ཧ་ཅང་ཆེ་བའི་གནས་ཚུལ་ཡིན་ཕྱིན། སྐར་མ་ཁ་ཤས་ནང་བསྒྱུར་ཚར་བ་བྱས་ཏེ་རླུང་འཕྲིན་དང་། བརྙན་འཕྲིན། ཚགས་པར་བཅས་བརྒྱུད་དྲིལ་བསྒྲགས་བྱེད་དགོས་ཀྱི་ཡོད། དེས་ན། གསར་འགྱུར་ཡིག་སྒྱུར་ལ་མྱུར་བའི་རང་བཞིན་ལྡན་པའི་དབང་གིས་དེ་ནི་རྩོམ་རིག་ཡིག་སྒྱུར་དང་ཅུང་མི་འདྲ་བར་སྒྱུ་རྩལ་གྱི་གསོན་ཉམས་འདོན་ཁོམ་མེད་ལ་མངོན་བརྗོད་དང་རྒྱན་ཚིག་སོགས་སྤྱོད་པ་ཉུང་། མ་འོངས་པར་མཚོན་ན། རྒྱ་བོད་གསར་འགྱུར་གྱི་ཡིག་སྒྱུར་བྱ་གཞག་ཐད་བསྒྱུར་བྱའི་ནང་དོན་སྒྱུར་བའི་མྱུར་ཚད་སྔར་བས་མགྱོགས་སུ་གཏོང་བ་དང་ནང་དོན་ཡང་དག་དགོས་པ་ནི་གསར་འགྱུར་ཡིག་སྒྱུར་གནང་མཁན་ཚོར་འཕྲད་པའི་གནད་དོན་ཞིག་རེད།

    གཉིས་པ། གསར་འགྱུར་ཡིག་སྒྱུར་དེ་མང་ཚོགས་དང་ཐག་ཉེ་ཤོས་ཡིན་དགོས་པ།

    མ་གཞི་སློབ་གྲྭར་ཅུང་ཟད་འགྲོ་མྱོང་བ་ཚོས་ཚགས་པར་ལྟ་ཀློག་ཐུབ་ཀྱང་རྩོམ་ཡིག་ཀློག་སྐབས་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། ཡིན་ནའང་གསར་འགྱུར་ཡིག་སྒྱུར་ནི་བོད་ཡིག་གི་བརྡ་སྤྲོད་གཞུང་དང་མཐུན་པའི་ཁ་སྐད་ལྟ་བུ་ཡིན་སྟབས་རིག་གནས་ཆུ་ཚད་མཐོ་དམན་མེད་པར་ཚང་མས་སྤྱིར་ན་གོ་དོན་རྟོགས་ཐུབ། རྒྱ་བོད་གསར་འགྱུར་ཡིག་སྒྱུར་བྱེད་སྐབས་སྤྱིར་བཏང་ཡིག་ཐོག་ནས་ཁུངས་སྐྱེལ་ཐུབ་པ་གང་ཞིག ཁ་སྐད་དམ་ཡང་ན་ཁ་སྐད་དང་ཐག་ཉེ་ཤོས་སུ་སྒྱུར་གང་ཐུབ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱིས་དང་ལེན་ཐུབ་པ་བྱེད་དགོས། གལ་ཏེ་གསར་འགྱུར་ཡིག་སྒྱུར་བྱེད་སྐབས་ཐ་སྙད་མཁྲེགས་པོ་དང་རྒྱན་ཚིག་མང་པོ་སྦྱར་ཚེ་ནང་དོན་མང་པོ་རྒྱ་ཆེའི་མང་ཚོགས་ནས་ཤེས་རྟོགས་གནང་རྒྱུ་ཁག་པོ་ཆགས་རྒྱུ་མ་ཟད། ང་ཚོའི་གསར་འགྱུར་ལས་རིགས་ཀྱི་ནུས་པ་གང་ལེགས་ཐོན་མི་ཐུབ་པ་དང་ཐ་ན་བྱ་བ་འགའ་ཞིག་མང་ཚོགས་ཀྱིས་གོ་བ་ལོག་སྒྲུབ་བྱེད་ཉེན་ཆེ། དེས་ན་གསར་འགྱུར་ཡིག་སྒྱུར་བྱེད་སྐབས་མང་ཚོགས་ཀྱིས་གོ་གང་བདེ་དང་ཤེས་གང་ཐུབ་བྱ་རྒྱུ་ནི་གསར་འགྱུར་ཡིག་སྒྱུར་ཁྲོད་ཀྱི་གནད་དོན་གལ་ཆེན་ཞིག་རེད་སྙམ། གལ་ཏེ་མང་ཚོགས་དང་ཐག་ཉེ་ཤོས་སུ་གྱུར་ཚེ་གནས་ཚུལ་གསར་པ་དག་མང་ཚོགས་ཀྱིས་དུས་ཐོག་ཏུ་ཤེས་ཐུབ་པ་ཡིན།

    གསུམ་པ། གསར་འགྱུར་ཡིག་སྒྱུར་བྱེད་སྐབས་བརྗོད་བྱའི་ནང་དོན་ལ་དོ་སྣང་བྱེད་དགོས།

    སྤྱིར་ཡིག་སྒྱུར་གྱི་ཚད་གཞི་དམའ་ཤོས་ནི་མ་མཐར་ཡང་བརྗོད་དོན་འཁྲུལ་མེད་སྟོན་ཐུབ་པ་ཞིག་ཡིན་དགོས་ལ། ཡིག་སྒྱུར་གང་འདྲ་ཞིག་ཡིན་རུང་བརྗོད་བྱའི་ནང་དོན་ནི་བརྩམས་བྱ་གང་དེའི་བླ་སྲོག་ལྟ་བུ་ཡིན། ལྷག་དོན་དུ་ང་ཚོ་གསར་འགྱུར་ཡིག་སྒྱུར་བྱེད་མཁན་ཚོའི་ངོས་ནས་བརྗོད་ན། ཉིན་རེའི་གསར་འགྱུར་གང་ཡིན་པ་དེ་འཁྲུལ་བ་མེད་པའི་ཐོག་ནས་ཀློག་པ་པོའམ་ཉན་པ་པོའི་མིག་ལམ་མམ་སྙན་ལམ་དུ་འབུལ་དགོས་རྐྱེན། མ་ཡིག་གི་ཚིག་སྦྱོར་ཁྱད་ཆོས་དང་མིང་ཚིག་བེད་སྤྱོད་བྱེད་ལུགས་སོགས་ཇི་བཞིན་ཁོང་དུ་ཆུད་པར་བྱས་ནས་དེ་དག་གི་བརྗོད་བྱའི་ནང་དོན་དངོས་དེ་གསལ་རྟོགས་བྱུང་རྗེས་བོད་ཡིག་གི་ཚིག་གི་འགྲོ་སྟངས་དང་སྐད་ཆའི་ཤོད་སྟངས་ཀྱི་ཐོག་ནས་ཀློག་པ་པོར་གོ་བདེ་ཞིང་ཉན་སྤྲོ་བ་ཞིག་ཡོང་བ་བྱེད་དགོས། རྒྱུན་གཏན་ང་ཚོའི་གསར་འགྱུར་ཡིག་སྒྱུར་ལས་དོན་ནང་ནོར་འཁྲུལ་གྱི་ཆ་མང་པོ་འཕྲད་ཀྱི་ཡོད་པ་དཔེར་ན། “打开新的篇章”ཞེས་པ་ཤོ་ལོ་ཀ་གསར་པ་ཞིག་ཕྱེ་བ་ཞེས་པར་བསྒྱུར་བ་དང་། “人是动物中最活跃的”ཞེས་པ་མི་ནི་སེམས་ཅན་གྱི་ནང་ནས་འཁྲུག་ཆ་དོད་ཤོས་དེ་ཡིན་ཞེས་པར་བསྒྱུར་བ་སོགས་མང་ཚོགས་བཞད་གད་ཀྱི་གནས་སུ་ལྷུང་བའི་སྒྱུར་ཡིག་ཡོད་པས། དེ་དག་ནི་ང་ཚོ་གསར་འགྱུར་ཡིག་སྒྱུར་བས་བརྗོད་བྱའི་ནང་དོན་གསལ་པོ་རྟོགས་མེད་པ་མ་ཟད། གང་འདོད་ལྟར་བསྒྱུར་བ་ཞིག་ཡིན་པ་ངང་གིས་རྟོགས། ནོར་འཁྲུལ་དེ་རིགས་ལ་རྟག་ཏུ་ནན་ཏན་གྱིས་ཡོ་བསྲང་མ་བྱས་ན་རང་ཉིད་ངོ་ཚའི་གནས་སུ་ལྷུང་རྒྱུ་ནི་སྨོས་མི་དགོས། དེས་ན། ཡིག་སྒྱུར་བྱེད་སྐབས་ཚིག་དོན་མི་གསལ་བ་དང་། གོ་བརྡ་འཕྲོད་དཀའ་བ། ཁྱབ་ཆུང་བའི་སྒྱུར་ཡིག་སྤངས་ཏེ་བརྗོད་བྱའི་ནང་དོན་དངོས་ལ་གཞིགས་ནས་སྤྱི་ལ་ཁྱབ་ཆེ་བའམ་ཐུན་མོང་གི་གྲུབ་ཆ་ལྡན་པའི་སྒྱུར་ཡིག་བེད་སྤྱོད་གང་ལེགས་བཏང་ནས་བོད་ཡིག་རང་གི་བརྡ་སྤྲོད་གཞུང་ལུགས་གཞིར་བཟུང་ཡུལ་དུས་དང་། སྒྱུ་རྩལ། འཇིག་རྟེན། ལུང་རིགས་སོགས་དང་མི་འགལ་བའི་སྒོ་ནས་གོ་དོན་རྟོགས་སླ་བ་ཡོང་ཐབས་ལ་འབད་དགོས་སོ། གོང་དུ་ཁོ་བོའི་བྱིས་བློས་ཐར་ཐོར་གླེང་བ་ནི་ལོ་ཤས་རིང་གསར་འགྱུར་ཡིག་སྒྱུར་བྱེད་རིང་གི་ཉམས་མྱོང་ཕྲན་བུ་ཡིན་པས་ནོར་འཛོལ་ཡོད་ན་མཁྱེན་ལྡན་རྣམ་པས་དགོངས་འཆར་ལྷུག་སྩོལ་གནང་བར་མཁྱེན།

    (ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཚེ་རིང་ནོར་བུ)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།