དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • ཚན་རྩལ་བརྡ་ཆད་ཀྱི་ཡིག་སྒྱུར་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-23

    ད་ལྟ་ཚན་རིག་ལག་རྩལ་དང་རིག་གནས་གསར་པའི་ཆ་འཕྲིན་ཆར་ཤུལ་གྱི་སྤང་ལ་ཤ་མོ་བརྡོལ་བ་ལྟར་ཐོན་དང་འཐོན་བཞིན་པའི་དུས་སུ་ལོ་ཙཱའི་ནུས་པ་ཇི་ལྟར་ཐོན་མིན་དང་བུ་ཡིག་ལ་ཇི་ལྟར་ཕབ་ཐུབ་མིན་དེ་ཆ་འཕྲིན་དེ་དག་རང་མི་རིགས་ལ་ཁྱབ་སྤེལ་གཏོང་བར་གལ་འགངས་ཤིན་ཏུ་ཆེ། གནའ་ནས་ད་བར་འགྲོ་བ་མིའི་རིགས་ཀྱིས་ལོ་ཙཱའི་ཐབས་ལམ་ལ་བརྟེན་ནས་རིག་གནས་སྤེལ་རེས་དང་ཚན་རྩལ་ཁྱབ་གདལ་གཏོང་བ་ཡིན། ཡིག་སྒྱུར་གྱི་བྱ་བ་ནི་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་སྔོན་ཐོན་ཤེས་བྱ་དང་རིག་གནས་མཐའ་དག་ནང་འདྲེན་བྱེད་པའི་ལམ་བུ་གལ་ཆེན་ཞིག་དང་། དེང་སྐབས་རྒྱལ་སྤྱིའི་ཐོག་ཐོན་དང་འཐོན་བཞིན་པའི་ཆ་འཕྲིན་དང་ཚན་རིག་གི་ཤེས་བྱ་ཁྱབ་གདལ་གཏོང་བའི་འགྲོ་ལམ་ཉག་གཅིག་རེད།

    དང་པོ། ཚན་རྩལ་ལོ་ཙཱ་སྤྱིར་བསྟན་པ།

    དེང་སྐབས་འཛམ་གླིང་ཡོངས་སུ་ཚན་རིག་ལག་རྩལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཆེན་པོ་འགྲོ་བཞིན་ཡོད་པ་དང་། རིག་ཚན་གསར་པ་མང་དུ་གྱེས་པ་ལས་གསར་བྱུང་གི་དངོས་པོ་དང་ཐ་སྙད། རིགས་ལམ་སོགས་ཀྱང་མང་དུ་དར་བཞིན་ཡོད་ལ། དེར་བསྟུན་གྱི་མིང་བརྡ་གསར་པའང་གཅིག་རྗེས་གཉིས་མཐུད་དུ་ཐོན་བཞིན་ཡོད། ད་ལྟ་རྒྱལ་ཁབ་བམ་མི་རིགས་སོ་སོས་སྔོན་ཐོན་གྱི་ཚན་རྩལ་ཤེས་བྱ་སྣ་ཚོགས་ནང་འདྲེན་དང་། ཁྱབ་གདལ། ལག་ལེན་བཅས་ཀྱི་ལས་ལ་འབད་འབུངས་བགྱིས་བཞིན་ཡོད།

    ཚན་རྩལ་རྩོམ་ལུས་ཞེས་པ་ནི་ཚན་རིག་ལག་རྩལ་སྐོར་གྱི་བརྩམས་ཆོས་རྣམས་ལ་གོ་བ་དང་། དེའི་ནང་དུ་གཙོ་བོ་དེང་རབས་ཚན་རྩལ་སྐོར་གྱི་དཔྱད་རྩོམ་དང་ཞིབ་འཇུག་སྙན་ཞུ། སློབ་དེབ། འཕྲུལ་ཆས་བེད་སྤྱོད་བྱ་བའི་གསལ་བཤད་ཡི་གེ་ལ་སོགས་འདུས་ཡོད་ལ། རིག་ཚན་གྱི་ཆ་ནས་དབྱེ་ན། གྲངས་རིག་པ་དང་དངོས་ལུགས། རྫས་འགྱུར། སྐྱེ་དངོས། གཏེར་ལས། གནམ་རིག ས་ཁམས། ལུས་ཁམས། གསོ་བ་རིག་པ། བཟོ་ལས། ཞིང་ལས། འབྲོག་ལས་སོགས་མང་པོ་འདུས་ཡོད།

    གཉིས་པ། ཚན་རྩལ་བརྡ་ཆད་ཡིག་སྒྱུར་གྱི་རྩ་དོན་དང་དེ་འབྲེལ་གྱི་བླང་བྱ།

    ཚན་རྩལ་བརྡ་ཆད་ཅེས་པ་ནི་ཚན་རིག་ལག་རྩལ་སྐོར་གྱི་དོན་སྤྱི་ངེས་ཅན་ལྡན་པའི་སྐད་ཆའི་བརྡ་རྟགས་ཤིག་སྟེ། དེ་ནི་སྤྱིར་བཏང་གི་ཐ་སྙད་དང་མི་འདྲ་བར་རྩ་དོན་དག་དང་བསྟུན་ནས་སྒྱུར་དགོས། ཡིག་སྒྱུར་གྱི་རྩ་དོན་ནི་ལོ་ཙཱ་བ་རྣམས་ཀྱིས་དུས་ཡུན་རིང་པོར་རྩོད་གླེང་མང་པོ་བྱེད་པའི་གནད་དོན་ཞིག་རེད། ད་ལྟའི་བར་བོད་ཡིག་ཚན་རྩལ་ཡིག་སྒྱུར་ལས་རིགས་ལ་བརྩི་སྲུང་བྱེད་དགོས་པའི་གཅིག་གྱུར་གྱི་རྩ་དོན་མེད་པས། ཡིག་སྒྱུར་རིགས་པའི་གཞུང་ལུགས་དང་ཚན་རྩལ་སྐད་ཆའི་ཁྱད་ཆོས་གཞིར་བཟུང་སྟེ་སྔོན་བྱོན་ལོ་ཙཱ་བའི་ཡིག་སྒྱུར་ཉམས་མྱོང་ལ་སྤྱི་འདོམས་བྱས་པའི་རྨང་གཞིའི་འོག ཚན་རྩལ་བརྡ་ཆད་ཀྱི་འགྱུར་གཏན་འཁེལ་བྱེད་དགོས་པའི་རྩ་དོན་འགའ་ཡོད་དེ།

    ཚན་རིག་གི་རང་བཞིན་ལྡན་པ།

    དེ་ནི་བསྒྱུར་བྱ་གང་དེའི་དོན་སྤྱི་ལ་བསམ་གཞིག་ལེགས་པར་བགྱིས་ཏེ་དེའི་ངོ་བོ་དང་ཁྱད་ཆོས་གཞིར་བཟུང་ནས་མཚན་ཉིད་འགོད་པ་དང་། མཚན་ཉིད་དེ་བསྡུས་ནས་བརྡ་ཆད་གཏན་འཁེལ་བྱེད་པ་ནི་སྤྱིར་བཏང་གི་གོ་རིམ་ཞིག་ཡིན། སྒྱུར་དུས་ཀྱང་བརྡ་ཆད་དེའི་ཚན་རིག་གི་དོན་སྤྱི་ལ་ལེགས་པར་གཞིགས་ནས་ཆད་ལྷག་ནོར་འཛོལ་མེད་པར་ཡང་དག་པར་མཚོན་དགོས་ཏེ། གལ་ཏེ་བརྡ་ཆད་དེས་མ་ཡིག་གི་དོན་སྤྱིའི་ཁྱད་ཆོས་དངོས་མཚོན་མ་ནུས་པའམ་ཡང་ན་ཇི་བཞིན་མཚོན་མ་ནུས་པར་ཐེ་ཚོམ་ཅན་དུ་སོང་ཚེ་འགྱུར་སྐྱོན་དུ་སོང་བ་ཡིན། དཔེར་ན། རྩིས་འཁོར་རིག་པའི“menu”ཞེས་པ་རྒྱ་སྐད་དུ“菜单”ཞེས་དང་བོད་སྐད་དུ་ཚལ་བྱང་ཞེས་པར་བསྒྱུར་ཡོད། དེ་ལྟར་ན་ཆེད་ལས་བརྡ་ཆད་དེའི་དོན་སྤྱི་ཇི་བཞིན་ཐོན་མེད་དེ། རྩིས་འཁོར་ཆེད་ལས་ལྟར་དེའི་དོན་འགྲེལ་ན། “一种显示在屏幕上提供操作员选择的一种机器可执行的操作项的清单”ཞེས་པའི་དོན་ལ་འཇུག དེ་བས་རྒྱ་སྐད་ཀྱི“选项单、选单”ལྟར་བོད་སྐད་དུ་འདེམ་ཐོ་ཞེས་པར་བསྒྱུར་ན་ད་གཟོད་ཅུང་གནད་ལ་འཁེལ་བ་ལྟ་བུ་དང་། ཡང“变色龙”ཞེས་པ་ལྟ་བུ་ནི་རྩོམ་རིག་གི་སྐབས་སུ་མདོག་འགྱུར་བའི་འབྲུག་ཏུ་བསྒྱུར་ཡང་། ཚན་རྩལ་ལོ་ཙཱའི་སྐབས་སུ་ངེས་པར་དུ་མདོག་འགྱུར་རྩངས་པའམ་མདོག་འགྱུར་ད་བྱིད་ཅེས་རང་མིང་ངོ་མར་སྒྱུར་དགོས་པ་ལྟ་བུ།

    གོ་བདེའི་རང་བཞིན་ལ་བརྩི་སྲུང་ཞུ་བ།

    ཐ་སྙད་རིག་པའི་ཆ་ནས་བཤད་ན། བརྡ་ཆད་གང་ཞིག་ཡིན་རུང་ཚིག་བསྡུས་ཤིང་དོན་གསལ་བའི་ཁྱད་ཆོས་ལྡན་དགོས་པ་དང་། ངེས་པར་དུ་ཚིག་ཁུ་བསྡུས་ཤིང་གོ་བདེ་བ་དང་ཐ་སྙད་ལ་བལྟས་པ་ཙམ་གྱིས་དོན་རྟོགས་ཐུབ་པ་ཞིག་་ཡིན་དགོས། ཚན་རྩལ་ཡིག་སྒྱུར་བྱེད་པའི་དམིགས་ཡུལ་ནི་ཀློག་པ་པོ་ལ་ཚན་རྩལ་ཤེས་བྱ་དྲིལ་བསྒྲགས་བྱེད་རྒྱུ་དེ་ཡིན་པས། ཀློག་པ་པོ་རྣམས་ལ་གོ་བདེ་ཞིང་ཡིད་ལ་འཛིན་སླ་བ་དང་། བཀོལ་སྤྱོད་བདེ་བ་བཅས་ཀྱི་ཐ་སྙད་མཁོ་འདོན་གང་ཐུབ་བྱེད་དགོས། བརྡ་ཆད་ཅི་ཙམ་རིང་ན་དེ་ཙམ་གྱིས་དོན་སྤྱིའི་ཁྱད་ཆོས་མཚོན་ཐུབ་པ་བདེན་མོད། འོན་ཀྱང་། རིང་དྲགས་ན་ཚིག་ལས་མིང་དུ་མི་འགྱུར་ལ་སྤྱོད་ཀྱང་བདེ་པོ་མེད། དེར་བརྟེན་ཆེད་ལས་བརྡ་ཆད་ཀྱི་འགྱུར་གཏན་འཁེལ་བྱེད་དུས་ངེས་པར་དུ་ཚིག་བསྡུས་ཤིང་དོན་གསལ་བ་སྟེ། ཚིག་འབྲུ་ཉུང་ཡང་དོན་སྟོན་ཐུབ་པ་དང་། ཡིད་ལ་འཛིན་སླ་ཞིང་ཁ་ནས་བརྗོད་བདེ་བ་ཞིག་ཡིན་དགོས། མ་ཡིག་གི་ཐ་སྙད་ལ་ལ་གལ་ཏེ་མིང་ཆ་ཚང་ལྟར་བོད་ཡིག་ཏུ་བསྒྱུར་ཚེ་ཧ་ཅང་རིང་དྲགས་ནས་ཚིག་དུམ་དུ་འགྱུར་བའི་སྐྱོན་ཡོད། དེས་ན་ཡིག་སྒྱུར་གྱི་བརྒྱུད་རིམ་ཁྲོད་དུ་ཁ་གསལ་རང་བཞིན་དང་ཡང་དག་རང་བཞིན་དབར་གྱི་འབྲེལ་བར་ཐག་གཅོད་འོས་འཚམ་བྱེད་དགོས། དཔེར་ན། གྲངས་རིག་པའི་བརྡ་ཆད“和差积商”རྣམས་ལ་སྔོན་ཆད་རིམ་པ་བཞིན་སྣོན་ཐོབ་དང་འཕྲི་ཐོབ། བསྒྱུར་ཐོབ། བགོས་ཐོབ་བཅས་སུ་བསྒྱུར་ཡོད་པ་མིག་སྔར་སྡོམ་དང་ཁྱད། བསགས། སྐལ་ཞེས་ཡིག་འབྲུ་རེ་རེས་མཚོན་པར་བྱས་པས། དེར་ཚིག་བསྡུས་ཤིང་དོན་གསལ་བའི་ཁྱད་ཆོས་ལྡན་ཡོད།

    གསུམ་པ། ཚན་རྩལ་བརྡ་ཆད་ཀྱི་སྒྱུར་ཐབས་འགའ།

    སྒྲ་སྒྱུར་གྱི་ཐབས།

    སྒྲ་སྒྱུར་ནི་མ་ཡིག་གི་གོ་དོན་མི་ལོག་པའི་ཕྱིར་དུ་མིང་བརྡའི་སྒྲ་གདངས་དང་བསྟན་བྱ་གང་ཡིན་པ་དེ་ཇི་ལྟ་བ་བཞིན་ཐད་ཀར་མཚོན་པའམ། ཅུང་ཉེ་བའི་བརྡ་ལ་བརྟེན་ནས་སྒྱུར་བྱེད་ཀྱི་སྐད་སོར་འཇོག་བྱེད་པ་ཞིག་ཡིན། སྒྱུར་པ་པོས་གསར་ཐོན་གྱི་བྱ་དངོས་དང་དོན་སྤྱི་གསར་པར་རྒྱུས་མངའ་མེད་པ་དང་། བོད་ཡིག་ཏུ་ཐ་སྙད་དེ་འདྲ་བ་མེད་ན་སྒྲ་སྒྱུར་གྱི་ཐབས་ལ་བརྟེན་ནས་ཡིག་སྒྱུར་བྱས་ཆོག སྤྱིར་བཏང་དུ་བཤད་ན། ཚད་འཇལ་བྱེད་དང་ཚན་རྩལ་གསར་གཏོད། རྒྱུ་ཆ་གསར་པ། དོན་སྤྱི་གསར་པ། རྫས་འགྱུར་གྱི་གཞི་རྒྱུ་སོགས་ལག་རྩལ་གྱི་བརྡ་ཆད་ཡིན་ན་སྒྲ་སྒྱུར་སྤྱད་དེ་ཡིག་སྒྱུར་བྱེད་དགོས། དཔེར་ན། རྩིས་འཁོར་ཁྱབ་ཁོངས་ཀྱི་ཧེ་ཁེར——“黑客hacker” ཧོ་ཙི——“赫兹hertz” ཧྥེན་སེ——“粉丝”སོགས་ལྟ་བུ་དང་། ཆིང——氢H ནཱ——钠Naསོགས། དངོས་ཁམས་རིག་པའི་རྒྱལ་སྤྱིའི་འཇལ་བྱེད་ལུགས་ལས་འཇལ་བྱེད་ལ་ཡོམ——欧姆 ohmདང་ཅོ་ཡེར——焦耳jouleབཅས་སོ། ཡིན་ཡང་འགྱུར་གང་ཞིག་སྒྲ་སྒྱུར་སྤྱོད་པ་ཤུགས་ཆེ་ན་གོ་དཀའ་ཞིང་ཁྱབ་གདལ་བྱ་བའི་གེགས་སུ་འགྱུར་བ་ཡིན། དེ་བས་ལག་ལེན་གྱི་ཁྲོད་དུ་སྒྱུར་ཐབས་འདིའི་བཀོད་སྟངས་ལ་རིགས་མང་ཙམ་བྱུང་ཡོད་དེ། ཕྱེད་སྒྲ་སྒྱུར་དང་ཕྱེད་དོན་སྒྱུར་བྱས་པ་ཅུང་མང་སྟེ། དཔེར་ན། 亚洲——ཡ་གླིང་། 千克——སྟོང་ཁེ་ལྟ་བུ་སོགས་དང་། ཡང་སྒྲ་བསྒྱུར་བའི་རྨང་གཞིའི་སྟེང་སླ་ཐབས་སུ་ཚིག་ཟུར་རེ་བསྣན་པ་དཔེར་ན། 维生素A——འཚོ་བཅུད་རྒྱུA 因特网——ཡིན་འབྲེལ་དྲ་རྒྱ། 微波炉——ཝེ་པོ་ཚ་ཐབ་ལྟ་བུ་སོགས་དང་། ཡང་ཡི་གེ་ཇི་བཞིན་སོར་འཇོག་བྱས་པ་དཔེར་ན། 卡拉OK——ཁཱ་ལOK X光——Xའོད། B超——Bཁྲོལ། T形——Tདབྱིབས་ཞེས་པ་ལྟ་བུ་སོགས་ཀྱིས་རིགས་བསྒྲེ་བར་བྱའོ།

    ཐད་སྒྱུར་གྱི་ཐབས།

    འདི་ནི་བསྒྱུར་བྱ་གང་དེའི་ཚིག་ངོས་ཀྱི་བསྟན་དོན་ཇི་བཞིན་ཐད་ཀ་ཐད་སོར་བསྒྱུར་བ་སྟེ། གཅིག་ན་མ་ཡིག་གི་བརྗོད་དོན་ལ་བརྩི་འཇོག་བྱེད་དགོས་པ་དང་། གཉིས་ན་མ་ཡིག་གི་ཚིག་སྦྱོར་གྲུབ་སྟངས་ཀྱི་རྣམ་པ་ལའང་བསྟུན་དགོས། སྒྱུར་ཐབས་འདི་ནི་སྐད་རིགས་གཉིས་ཀྱི་ཕྱོགས་མཚུངས་པའི་ཆ་རྣམས་སྒྱུར་བར་ཤིན་ཏུ་འབྱོར་ལ། ཚན་རྩལ་རྩོམ་ལུས་ཀྱི་ལོ་ཙཱའི་ལག་ལེན་ཁྲོད་རྒྱུགས་ཆེ་ཞིང་བརྡ་ཆད་གསར་པ་རྣམས་སྒྱུར་བར་སྤྱོད་མང་བའི་ཐབས་རྩལ་མཆོག་གྱུར་ཞིག་ཡིན། ཚན་རྩལ་སྐོར་གྱི་བརྡ་ཆད་མང་པོ་ཞིག་ནི་རྗེས་གྲུབ་ཀྱི་མིང་གི་ཁོངས་སུ་གཏོགས་པས་སྒྱུར་ཐབས་འདི་སྤྱད་ན་ཆེས་ཆེར་འབྱོར་བ་ཡིན། དཔེར་ན། 硬盘——མཁྲེགས་སྡེར། 地下铁道——ས་འོག་ལྕགས་ལམ། 彩铃——མཚར་དབྱངས་ཞེས་ཡིག་འབྲུ་རེ་རེའི་བསྟན་དོན་ཇི་བཞིན་བོད་ཡིག་ཏུ་བསྒྱུར་བ་ཡིན། ཡང་སྐད་རིགས་སོ་སོའི་མིང་བརྡའི་གྲུབ་སྟངས་དང་བརྗོད་ཚུལ་སོགས་མི་འདྲ་བའི་དབང་གིས་སྐབས་ལ་ལར་ཐད་ཀ་ཐད་སོར་བསྒྱུར་ན་གོ་ལོག་ཐེབས་སྲིད་པའི་འགྱུར་སྐྱོན་ཡང་འབྱུང་ངེས།

    དོན་སྒྱུར་གྱི་ཐབས།

    དོན་སྒྱུར་ནི་མ་ཡིག་གི་བརྡ་ཆད་ཀྱིས་མཚོན་པའི་བྱེ་བྲག་གི་བྱ་དངོས་སམ་དོན་སྤྱི་ལ་ཞིབ་འཇུག་ཡང་ཡང་བྱས་ནས་དེའི་ཚན་རིག་གི་གོ་དོན་གཙོ་བོ་གཞིར་བཟུང་ནས་བསྒྱུར་བ་དང་། མ་ཡིག་གི་སྦྱོར་ལུགས་རྣམས་ལས་འགྲོལ་བར་བྱས་ཏེ་བོད་ཡིག་གི་འགྲོས་དང་མཐུན་པའི་སྒྱུར་ཐབས་ཤིག་ཡིན། གཙོ་བོ་མ་ཡིག་གི་བརྗོད་དོན་དེ་རང་སྲོལ་དང་གཞན་སྲོལ་གཉིས་ལས་གང་ཞིག་གཙོ་བོར་བཟུང་ནས་བསྒྱུར་རྒྱུ་དེ་བསྟན་ཡོད། སྒྱུར་པ་པོས་ཚན་རྩལ་བརྡ་ཆད་ཀྱི་ཡང་དག་དང་གཟབ་ནན་གྱི་ཁྱད་ཆོས་གཞིར་བཟུང་སྟེ་ཐད་སྒྱུར་བྱེད་སར་ཐད་སྒྱུར་གང་ཐུབ་བྱེད་པ་དང་། ཐད་སྒྱུར་བྱས་ན་འཚམ་པོ་མེད་སར་དོན་སྒྱུར་བཀོལ་དགོས་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། དཔེར་ན། 导弹——འཕུར་མདའ། 血压——ཁྲག་ཤེད། 电压——གློག་གནོན། 硕士——རབ་འབྱམས་པ། 火箭——མེ་ཤུགས་འཕུར་མདའ། 总线——མ་སྐུད་ལྟ་བུར་དོན་སྒྱུར་སྤྱད་ཅིང་། དེ་ནི་ཆེས་རྒྱུན་གཏན་གྱི་སྒྱུར་ཐབས་ཤིག་ཡིན་པ་དང་། ཐད་སྒྱུར་ཙམ་གྱིས་དེ་དོན་ཡོངས་སུ་མི་གསལ་ན་དོན་སྒྱུར་བྱེད་དགོས། དེའི་ལེགས་ཆ་ནི་མིང་ལ་བལྟས་ན་དོན་ཤེས་པ་དང་བལྟས་པ་ཙམ་གྱིས་དོན་རྟོགས་ནུས་པ་ཡིན།

    (བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་གྱི་ཉི་མ་ཆོས་གྲུབ)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།