མངའ་རིས་ས་ཁུལ་གྱི་2025ལོའི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་པ།
ཉེ་ཆར། ཞང་ཞུང་རིག་གནས་ཐང་ཆེན་དུ་མངའ་རིས་ས་ཁུལ་གྱི་2025ལོའི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་ནས་ཀྲུང་དབྱང་ཁེ་ལས་དང་། གཞུང་ཁོངས་ཁེ་ལས། དམངས་གཉེར་ཁེ་ལས་བཅས་ཀྱི་འཐུས་མི་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ཚུད་པའི་མི་700ལྷག་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ། མངའ་རིས་ས་ཁུལ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭས་ཉེ་བའི་ལོ་ཤས་རིང་གི་ཆེད་ལས་འཛུགས་སྐྲུན་གྱི་གྲུབ་འབྲས་གཅིག་སྡུད་འགྲེམས་སྟོན་བྱས་པ་ལས་སློབ་མའི་ཕུལ་བྱུང་བརྩམས་ཆོས་དང་དངོས་སྦྱོང་གི་གྲུབ་འབྲས་སོགས་ཕྱོགས་མང་པོ་ཚུད་ཡོད། མངའ་རིས་ས་ཁུལ་མི་སྤྱི་ཅུས་ཀྱིས་གཉེར་བའི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་བསྡུའི་འདུ་ཚོགས་སུ་ཁེ་ལས་མང་པོ་ཞུགས་པ་དེས། སློབ་ཐོན་སློབ་མར་ལས་ཞུགས་ཀྱི་ལས་གནས་མང་པོ་མཁོ་འདོན་ཐུབ་ཡོད། སྤྱི་ཚོགས་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭ་དང་སློབ་ཐོན་སློབ་མའི་ལས་གཏོད་ཀྱི་འཐུས་མིས་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་རང་བརྟེན་ལས་གཏོད་ཀྱི་ཉམས་མྱོང་མཉམ་སྤྱོད་སོགས་ལ་བརྟེན་ནས། ལས་རིགས་སློབ་གསོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ་སྤྱི་ཚོགས་ཀྱིས་ལས་རིགས་སློབ་གསོར་ཤེས་རྟོགས་ཐུབ་ཚད་སྔར་བས་མཐོ་རུ་བཏང་ཡོད།