ཁྱིམ་ཚང་སློབ་གསོའི་ཐབས་ལམ་སྐོར་རགས་ཙམ་གླེང་བ།
ངག་རྒྱུན་དུ“ན་གཞོན་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་ངེས་ཡིན། ན་གཞོན་རྒུད་ན་ཉམས་པར་གྱུར་ན་རྒྱལ་ཁབ་ཀྱང་ཉམས་ངེས་ལགས”ཞེས་འབོད་སྲོལ་ཡོད་པ་ལྟར་ན་གཞོན་རྣམས་ནི་མི་རིགས་ཀྱི་རེ་བ་དང་མེས་རྒྱལ་གྱི་མ་འོངས་རེད། ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་སྤྱི་ཚོཌ་འདིར་མཚོན་ན། མིའི་བྱང་ཚད་དང་སྤུས་ཚད་ཐད་ཀྱི་རེ་བ་ཡང་ཉིན་རེ་ལས་མ་འདས་པར་མཐོ་རུ་འགྲོ་བཞིན་ཡོད། བྱང་ཚད་མཐོ་བའི་མི་སྣ་གསོ་སྐྱོང་བྱེད་དགོས་ན་གཙོ་བོ་སློབ་གསོར་རག་ལུས་ཡོད། དེ་ཡང་སློབ་གསོ་ནི་ཁྱིམ་ཚང་གི་སློབ་གསོ་དང་། སློབ་གྲྭའི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ་བཅས་ལས་གྲུབ་པ་ཡིན་ཞིང་། དེ་ལས་ཁྱིམ་ཚང་གི་སློབ་གསོ་ནི་སྤྱི་ཚོགས་ཀྱི་སློབ་གསོ་དང་སློབ་གྲྭའི་སློབ་གསོ་བཅས་གང་གིས་ཀྱང་ཚབ་བྱེད་ཐབས་བྲལ་བའི་ཐུན་མོང་མ་ཡིན་པའི་སློབ་གསོ་ཞིག་རེད། སློབ་གསོ་དེས་ན་ཆུང་གཞོན་ནུ་རྣམས་ཀྱི་འཚོ་བ་དང་། སློབ་སྦྱོང་། མདུན་ལམ་བཅས་ལ་ཕན་ནུས་ཁྱད་པར་ཅན་འཐོན་བཞིན་ཡོད།
གཅིག ཁྱིམ་ཚང་སློབ་གསོའི་ཁྱད་ཆོས།
ཁྱིམ་ཚང་ནི་སྤྱི་ཚོགས་གྲུབ་པའི་མ་ལག་རེད། དེ་ནི་ཕྲུ་གུའི་འཚོ་གནས་ཀྱི་ཁོར་ཡུག་དང་པོ་རེད་ལ་འཚར་ལོངས་ཀྱི་འགུལ་སླེལ་ལྟ་བུ་རེད། ཁྱིམ་ཚང་སློབ་གསོ་ནི་འོས་འཚམ་གྱི་དུས་ཚོད་ནང་སྒྲུབ་དགོས་པའི་འགན་འཁྲི་ལྕི་པོ་ཞིག་རེད་ལ། དེའི་ནང་དོན་ཁྱབ་རྒྱ་ཆེ་ལ་བརྒྱུད་རིམ་དཀའ་ཚེགས་ཆེ་བ་ཞིག་རེད། ཁྱིམ་ཚང་སློབ་གསོ་ནི་ཕྲུ་གུ་ཨ་མའི་མངལ་ལས་སྐྱེས་པ་ནས་འགོ་ཚུགས་དགོས་ཤིང་། ཕ་མ་གཉིས་ནི་ཕྲུ་གུའི་དགེ་རྒན་དང་པོ་རེད། ཕྲུ་གུའི་ལུས་སེམས་བདེ་ཐང་ཡིན་མིན་དང་། ཡ་རབས་ལྡན་པ་དང་མ་རབས་ཐ་ཤལ་གང་ཞིག་ཏུ་འགྱུར་རྒྱུ་ནི་ཁྱིམ་ཚང་སློབ་གསོར་རག་ལས་ཡོད་ལ་དེ་ལེགས་གྲུབ་ཡོང་བར་ཡང་ཕ་མ་གཉིས་ཀྱི་འོས་འགན་ལྡོག་མེད་ཅིག་རེད། དེ་ཡང་ཕྲུ་གུ་ཆུང་ངུའི་དུས་ནི་གོམས་གཤིས་གསོ་སྐྱོང་བྱེད་པའི་འགག་རྩའི་དུས་སྐབས་ཤིག་རེད། དེའི་དུས་སུ་ཕ་མའི་སྐད་ཆ་ཤོད་སྟངས་དང་། བྱེད་ལུགས་བྱེད་སྟངས། འཚོ་བའི་གོམས་གཤིས་སོགས་ཚང་མས་ཕྲུ་གུར་བག་ཆགས་ཟབ་མོ་འཇོག་སྲིད་ལ་ཕྲུ་གུའི་ལད་མོ་བྱ་ཡུལ་དུ་འགྱུར་སྲིད། དེས་མ་ཟད་ཁྱིམ་བདག་གི་སློབ་གསོ་ནི་ཕྲུ་གུའི་འཚོ་བའི་གཞི་འཛིན་ས་ཞིག་ཏུ་འགྱུར་སྲིད།
གཉིས། ཁྱིམ་ཚང་སློབ་གསོའི་གལ་ཆེའི་རང་བཞིན།
ཁྱིམ་ཚང་སློབ་གསོ་ནི་ཕྲུ་གུའི་ཤེས་བྱ་དང་འཇོན་ཐང་གསོ་སྐྱོང་གི་ལམ་བུ་ཞིག་ཡིན་པ་མ་ཟད། ཕྲུ་གུའི་ཀུན་སྤྱོད་དང་རིན་ཐང་ལྟ་བ། གོམས་གཤིས་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཡང་རེད། ཁྱིམ་ཚང་སློབ་གསོ་ནི་ནང་མི་ཕན་ཚུན་བགྲོ་གླེང་གི་གར་སྟེགས་ཤིག་རེད། དེས་ནང་མི་ཕན་ཚུན་དབར་བསམ་བློ་བརྗེ་རེས་ཐུབ་པ་མ་ཟད། ཕྲུ་གུའི་འགན་ཁུར་གྱི་བསམ་པ་གསོ་སྐྱོང་བྱེད་ཐུབ། དེ་ནི་སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་སློབ་གསོའི་རྨང་གཞི་རེད།
གསུམ། ཁྱིམ་ཚང་སློབ་གསོ་སྤེལ་བའི་ཐབས་ལམ།
དེང་གི་ཆར་ཁྱིམ་བདག་གི་ངོས་ནས་བརྗོད་ན། ཕྲུ་གུར་སློབ་གསོ་རྒྱག་རྒྱུ་ནི་དཀའ་གནད་ཤིན་ཏུ་ཆེ་བའི་གནད་དོན་ཞིག་ཏུ་གྱུར་ཡོད། འོ་ན་ཁྱིམ་བདག་ནས་ཁྱིམ་ཚང་སློབ་གསོ་སྤུས་ཚད་དང་ལྡན་པ་ཞིག་ཇི་ལྟར་རྒྱག་དགོས་སམ་ཞེ་ན།
1.ཚད་ལྡན་གྱི་ཁྱིམ་ཚང་ཁོར་ཡུག་སྐྲུན་དགོས།
ནང་མིའི་དབར་མཛའ་མཐུན་གྱི་འབྲེལ་བ་ཞིག་གཏོད་རྒྱུ་ནི་ཁྱིམ་ཚང་སློབ་གསོ་སྤེལ་བའི་རྨང་གཞི་ཞིག་ཡིན་ཞིང་། ཁྱིམ་བདག་ནས་རྒན་བཀུར་གཞོན་གཅེས་ཀྱི་འདུ་ཤེས་བཅངས་ཏེ། ཕྲུ་གུར་མིག་དཔེ་བཟང་པོ་ཞིག་འདོན་ཐུབ་པ་བྱེད་དགོས། དཔེར་ན། ཕ་མས་ཁྱིམ་དུ་ཡོད་པའི་རྒན་རྒོན་ལ་བརྩི་བཀུར་དང་བསྙེན་བཀུར་ལྷད་མེད་ཞུས་པ་དེ་ཕྲུ་གུའི་བསམ་བློའི་ནང་བག་ཆགས་བཞག་སྟེ། ཕྱིས་སུ་དེ་ལྟར་བྱེད་དགོས་པ་རང་བཞིན་གྱིས་ཤེས་པ་ནི་དུས་རྒྱུན་ང་ཚོས་ཤོད་པའི་བྱ་སྤྱོད་དངོས་ཀྱི་སློབ་གསོ་རེད། དུས་རྒྱུན་ཕ་མས་ངང་རྒྱུད་རིང་པོ་དང་སྤྲོ་སྣང་ལྡན་པའི་སྒོ་ནས་ཕྲུ་གུའི་བསམ་འཆར་ཉན་པ་མ་ཟད། ཕྲུ་གུར་ཁྱིམ་ཚང་གི་བྱ་བར་རང་ནུས་འདོན་དུ་བཅུག་ན། གཅིག་ནས་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་རིག་གནས་ཤིག་གཏོད་ཐུབ་པ་དང་། གཉིས་ནས་ཕྲུ་གུའི་བསམ་གཞིག་གི་ནུས་པ་དང་འགན་ཁུར་གྱི་བསམ་བློ་སྐྱེད་སྲིང་བྱེད་ཐུབ།
2.ཕྲུ་གུའི་དགའ་ཕྱོགས་དང་འཇོན་ནུས་འདོན་དགོས།
དུས་རྒྱུན་འཚོ་བའི་ཁྲོད་ཁྱིམ་བདག་ནས་ཕྲུ་གུའི་དགའ་ཕྱོགས་ལ་བརྩི་འཇོག་དང་ཚུལ་མཐུན་གྱི་དགའ་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ། ཕྲུ་གུར་སྤྲོ་སྣང་དང་དོན་སྙིང་ལྡན་པའི་འཚར་ལོངས་ཀྱི་ལམ་བུ་ཞིག་བསྐྲུན་ནས་ཕྲུ་གུའི་ཡིད་ཆེས་ཀྱི་སེམས་པ་སྐྱེད་སྲིང་བྱེད་དགོས།
3.ཕྲུ་གུར་དགོས་ངེས་ཀྱི་སྒྲིག་ལམ་ཞིག་བཟོ་དགོས། ཕྲུ་གུར་དགོས་ངེས་ཀྱི་སྒྲིག་ལམ་བཟོ་རྒྱུ་ནི་ཕྲུ་གུའི་ཚད་ལྡན་གྱི་གོམས་གཤིས་གསོ་བའི་ཐབས་ལམ་ཉག་ཅིག་དེ་རེད་ལ། སྒྲིག་སྲོལ་དེ་ཡང་ཕ་མ་དང་ཕྲུ་གུ་འདྲ་མཉམ་གྱིས་ཕན་ཚུན་བསམ་ཚུལ་ཉན་ནས་གཏན་འཁེལ་བྱེད་དགོས་པ་ལས་ཕ་མ་གཅིག་པུས་བཀའ་གཏོང་བ་ལྟ་བུ་བྱེད་མི་རུང་། སྒྲིག་ལམ་གཏན་འཁེལ་བྱས་རྗེས་ཕ་མས་ལྟ་སྐུལ་ཡུན་རིང་པོ་བྱེད་དགོས་པ་ལས་ཨ་བྲའི་རྔ་མ་བཞིན་བྱེད་མི་རུང་། སྒྲིག་ལམ་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་། ཕྲུ་གུའི་ལེགས་ཆ་ཕྲན་བུ་ཡང་སྣང་མེད་དུ་མི་འཇོག་པར་འོས་འཚམ་གྱི་བསྟོད་བསྔགས་གཏོང་བའམ་བྱ་དགའ་ཆུང་ཆུང་སྤྲད་དེ་ཕྲུ་གུའི་ཡིད་ཆེས་ཀྱི་བསམ་བློ་སྐྱེད་སྲིང་བྱེད་དགོས། ཡང་ཕྲུ་གུར་ནོར་འཁྲུལ་བྱུང་ན་སྐྱོན་བརྗོད་དང་གནས་ལུགས་བཤད་རྒྱུ་དེ་གཙོ་བོ་མ་ཡིན་པར་ཕྲུ་གུའི་བསམ་ཚུལ་དང་གནས་ཚུལ་གྱི་འབྱུང་རིམ་ལེགས་པར་ཉན་ཏེ་ཕྲུ་གུ་རང་ངོས་ནས་སྐྱོན་ལ་ངོས་འཛིན་ཐུབ་པ་བྱ་རྒྱུ་ནི་གལ་འགངས་ཆེ། དེ་ལྟར་བྱས་ན་གཅིག་ནས་ཕྲུ་གུས་ཕ་མར་འཁང་ར་བྱེད་མི་སྲིད་ལ། གཉིས་ནས་ཕྲུ་གུ་རང་ངོས་ཀྱི་འགན་ཁུར་གྱི་བསམ་བློ་སྐྱེད་སྲིང་ཐུབ་རྒྱུར་ཕན་པ་ཆེ།
4.སློབ་སྦྱོང་གི་གོམས་གཤིས་བཟང་བའི་ཕ་མ་ཞིག་བྱེད་དགོས།
རིག་པ་ནངས་པར་འཆི་ཡང་བསླབ། ཚེ་འདིར་མཁས་པར་མ་གྱུར་ཀྱང་། སྐྱེ་བ་ཕྱི་མར་བཅོལ་བ་ཡི། ནོར་ལ་རང་ཉིད་ལེན་དང་མཚུངས། ཞེས་པ་ལྟར་ཕ་མ་ཞིག་གི་ངོས་ནས་བརྗོད་ན། རང་ལ་སྒྱུ་རྩལ་དང་ལྡན་པའི་ཁྱིམ་ཚང་སློབ་གསོ་སྤེལ་ཐབས་ཤིག་དགོས་ན། རྒྱུན་འཁྱོངས་ནས་སློབ་སྦྱོང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ། དེ་ཡང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་བསྟུན་ནས་བྱ་དངོས་གསར་པ་མི་ཉུང་བ་ཞིག་འཐོན་བཞིན་ཡོད་ལ་མིའི་བསམ་བློར་ཡང་འགྱུར་ལྡོག་འགྲོ་དང་འགྲོ་བཞིན་ཡོད། དེས་ན། ཕ་མའི་སློབ་གསོ་དུས་རབས་ཀྱི་རྗེས་ཟིན་དགོས་ན་ཚེ་གང་གི་སློབ་སྦྱོང་ལ་བརྟེན་དགོས། ད་དུང་དུས་རྒྱུན་འཚོ་བའི་ནང་སློབ་སྦྱོང་བྱེད་པར་དགའ་བའི་ཕ་མ་དང་། རིག་གནས་ཀྱི་རྣམ་པས་ཕྱུག་པའི་ཁྱིམ་ཚང་གི་ཕྲུ་གུ་རྣམས་ཕལ་ཆེར་སློབ་སྦྱོང་གི་གོམས་གཤིས་བཟང་བར་མངོན།
མདོར་ན། ཁྱིམ་ཚང་ནི་ཕྲུ་གུའི་སློབ་གྲྭ་དང་པོ་དང་། ཕ་མ་ནི་ཕྲུ་གུའི་དགེ་རྒན་དང་པོ་རེད། ཕྲུ་གུའི་ལུས་སེམས་བདེ་ཐང་ཡིན་མིན་དང་། ཡ་རབས་ལྡན་པ་དང་མ་རབས་ཐ་ཤལ་གང་ཞིག་ཏུ་འགྱུར་མིན་གྱི་འགག་རྩ་ནི་ཁྱིམ་ཚང་སློབ་གསོར་རག་ལུས་ཡོད་ལ། དེ་ལེགས་གྲུབ་ཡོང་རྒྱུ་ཡང་ཕ་མའི་འོས་འགན་ལྡོག་མེད་ཅིག་ལགས་ན། ཕ་མས་རང་ངོས་ལ་གོམས་གཤིས་བཟང་པོ་ཞིག་འཇགས་ཐུབ་པ་དང་ཕྲུ་གུར་མིག་དཔེ་སྟོན་ཐུབ་པར་བྱས་ཏེ། ཕ་མའི་འགན་འཁྲི་དང་དུ་བླངས་ནས་ལུས་སེམས་བདེ་ལ། བསམ་སྤྱོད་བཟང་བའི་བུ་ཕྲུག་གསོ་སྐྱོང་བྱེད་པར་བརྩོན་དགོས། (ལྷ་ས་གྲོང་ཁྱེར་སློབ་འབྲིང་གཉིས་པའི་སྤེན་པ་དབང་མོ)