དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • གསར་འགྱུར་ཡིག་སྒྱུར་རིག་པའི་ཁྱད་ཆོས། འགྲན་སློང་། ཐབས་ཤེས་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-16

    གོ་ལ་ཅན་གྱི་དུས་རབས་རྒྱབ་ལྗོངས་འོག་ཆ་འཕྲིན་བརྒྱུད་སྤེལ་གྱི་མཚམས་སྦྱོར་གལ་ཆེན་ཞིག་ཡིན་པའི་གསར་འགྱུར་ནི་མི་རྣམས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཆ་འཕྲིན་བསྡུ་ལེན་བྱ་ཐབས་གྲས་ཤིག་རེད། ཡང་དག་དང་དུས་ཐོག་ཏུ་གསར་འགྱུར་ཡིག་སྒྱུར་དང་ཁྱབ་སྤེལ་ལས་རྒྱལ་ཁབ་མི་འདྲ་བ་དང་། ས་ཁུལ་མི་འདྲ་བ། སྐད་ཡིག་མི་འདྲ་བའི་མི་རྣམས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་དོན་ཆེན་དང་ཆ་འཕྲིན་གང་མགྱོགས་ཤེས་རྟོགས་ཐུབ་ནས། ཆ་འཕྲིན་དོ་མི་སྙོམས་པའི་གནས་ཚུལ་ཆེས་ཆེར་ཆུང་དུ་གཏོང་ཐུབ། དེ་བས། འཛམ་གླིང་གི་ས་ཁུལ་མང་ཆེ་བར་ཆེད་ལས་ཀྱི་གསར་འགྱུར་ལས་རིགས་དར་ཡོད་ལ། ཆེད་ལས་རང་གི་ཁྱད་ཆོས་གྲུབ་ནས་ཕན་ཚུན་འབྲེལ་འདྲིས་དང་ཆ་འཕྲིན་སྤེལ་རེས་ལ་རམ་འདེགས་བྱེད་ཀྱིན་ཡོད། ཡིན་ཡང་། སྤྱི་ཚོགས་འཕེལ་རྒྱས་དང་ལག་རྩལ་དར་རྒྱས། འདུ་ཤེས་ཀྱི་འགྱུར་ལྡོག་སོགས་ལས་གསར་འགྱུར་ཡིག་སྒྱུར་རིག་པར་འགྲན་སློང་མང་པོ་འཕྲད་ཀྱིན་པས། ལས་དེར་ཞུགས་མཁན་རྣམས་ནས་གང་ལ་གང་འཚམ་གྱི་ཐབས་ཤེས་སྤྱད་ནས་ཁ་གཏད་འཇལ་དགོས།

    དང་པོ། གསར་འགྱུར་ཡིག་སྒྱུར་གྱི་ཁྱད་ཆོས།

    (གཅིག)སྐད་ཆའི་ཉམས་འགྱུར་སྣ་མང་ཕུན་སུམ་ཚོགས་པ།

    གསར་འགྱུར་འཕྲིན་སྤེལ་གྱི་ནང་དོན་ལ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ལུས་རྩལ་སོགས་ཡོད་ཅིང་། ནང་དོན་མི་འདྲ་བའི་གསར་འགྱུར་ལ་རྗོད་བྱེད་ཚིག་གི་ཉམས་འགྱུར་མི་འདྲ་བ་རེ་ཡོད། དཔེར་ན། སྲིད་དོན་གསར་འགྱུར་སྤྱིར་ན་སྒམ་ནན་དང་དངོས་མཚོན་ཡིན་པས། ཆེད་ལས་ཀྱི་ཐ་སྙད་མང་པོ་དང་རྙོག་འཛིང་ཆེ་བའི་ཚིག་སྦྱོར་མང་པོ་སྤྱོད་དགོས་ཀྱི་ཡོད། སྤྲོ་རྩེད་གསར་འགྱུར་ནི་ཁ་སྐད་ཀྱི་རྣམ་པ་དང་ཉམས་འགྱུར་བབ་ཆགས་ཤིང་འཁྲུག་ཆ་དོད་པོ་ཞིག་ཡོད་དགོས། དེར་བརྟེན་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ལོ་ཙཱ་བས་མ་རྩོམ་གྱི་ཚིག་གི་ཁྱད་ཆོས་ལ་རྒྱུས་མངའ་ཡང་དག་བླངས་རྗེས། འགྱུར་ཡིག་ཁྲོད་དུའང་གང་ཐུབ་ཀྱིས་མངོན་པར་བྱེད་དགོས།

    (གཉིས) དུས་ཐོག་རང་བཞིན།

    གསར་འགྱུར་གྱི་རིན་ཐང་སྤྱིར་ན་དུས་ཐོག་རང་བཞིན་ལ་རག་ལུས་ཡོད། གསར་འགྱུར་ཡིག་སྒྱུར་ངེས་པར་དུ་དུས་ཐུང་ནང་ལེགས་སྒྲུབ་བྱས་ཏེ། དུས་ཐོག་ཏུ་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། སྐབས་དེར་ལོ་ཙཱ་བར་ཆ་འཕྲིན་མགྱོགས་མྱུར་ཡིག་སྒྱུར་ཐུབ་པའི་ནུས་པ་ལྡན་དགོས་པ་མ་ཟད། འགྱུར་ཡིག་གི་སྤུས་ཚད་ལའང་འགན་ལེན་བྱེད་དགོས། རང་བྱུང་གནོད་འཚེ་དང་། ཚོཌ་འདུ་གལ་ཆེན། རྒྱལ་སྤྱིའི་རྒོལ་གཏུག་སོགས་ཐོལ་བྱུང་གི་གསར་འགྱུར་འཕྲད་དུས། མ་ཡིག་གི་ཆ་འཕྲིན་མགྱོགས་ལ་ཡང་དག་པར་བསྒྱུར་བ་ནི་ཧ་ཅང་གལ་ཆེན་པོ་ཡིན།

    (གསུམ)རིག་གནས་ཀྱི་ནང་དོན།

    གསར་འགྱུར་ནང་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་འདུས་ཡོད། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བས། གསར་འགྱུར་དོན་རྐྱེན་ལ་གོ་བ་ལེན་སྟངས་དང་གསལ་འགྲེལ་རྒྱག་སྟངས་ལ་ཁྱད་པར་ཡོད། དཔེར་ན། དམིགས་བསལ་གྱི་རིག་གནས་དོན་སྙིང་ལྡན་པའི་ཐ་སྙད་དང་རྒྱུན་འཇགས་ཚིག་སྦྱོར། གབ་ཚིག་སོགས་ཡིག་སྒྱུར་བྱེད་སྐབས་དམིགས་བསལ་གྱི་སྒྱུར་སྟངས་སྤྱད་དེ་གོ་འཛོལ་མི་ཡོང་བར་བྱེད་དགོས།

    གཉིས་པ། གསར་འགྱུར་ཡིག་སྒྱུར་ལ་འཕྲད་པའི་འགྲན་སློང་།

    (གཅིག)གོ་འཛོལ་འབྱུང་སླ་བ།

    རྒྱལ་ཁབ་དང་མི་རིགས་མི་འདྲ་བའི་རིག་གནས་ཀྱི་ཁྱད་པར་དབང་གིས་གསར་འགྱུར་ཡིག་སྒྱུར་བྱེད་སྐབས་གོ་འཛོལ་བྱུང་བའི་གནས་ཚུལ་ཐོན་སླ་ཞིང་། རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐ་སྙད་ཁ་ཤས་སྒྱུར་སྐབས་ཡོངས་སུ་མཚུངས་པའི་ཐ་སྙད་ཅིག་རྙེད་དཀའ། དཔེར་ན། རྒྱ་ཡིག་ནང་གི“支部”、“主席”、“书记”ལ་སོགས་པའི་ཐ་སྙད་བོད་ཡིག་ཏུ་དོན་སྒྱུར་བྱས་ཚེ་ཀློག་པ་པོར་གོ་ནོར་ཐེབས་སླ། དེ་བས་སྒྲ་སྒྱུར་ཐོག་ནས“ཀྲི་པུའུ”དང་། “ཀྲུའུ་ཞི”“ཧྲུའུ་ཅི”སོགས་རང་སོར་བཞག་ཡོད། དེ་བཞིན་དུ་བོད་ཡིག་ནང་གི“བླ་མ”དང་། “ཁ་བཏཌ”“ཞོ་སྟོན”སོགས་ཀྱི་ཐ་སྙད་རྒྱ་ཡིག་ཏུ“喇嘛”དང་། “哈达”“雪顿节”སོཌ་སུ་སྒྲ་སྒྱུར་བྱེད་ཀྱི་ཡོད།

    (གཉིས)སྐད་བརྡའི་ཁྱད་པར་གྱི་ཤུགས་རྐྱེན།

    སྐད་བརྡ་མི་འདྲ་བར་བརྡ་སྤྲོད་དང་ཐ་སྙད། ཚིག་དོན་སོགས་ཐད་ཁྱད་པར་ཆེན་པོ་ཡོད་པས། གསར་འགྱུར་ཡིག་སྒྱུར་བྱེད་པའི་སྐབས་སུ་ལོ་ཙཱ་བར་འགོག་རྐྱེན་བཟོ་སྲིད། དཔེར་ན། བོད་ཡིག་ཁྲོད་དུས་གསུམ་གྱི་འགྱུར་བ་མང་པོ་ཡོད་པ་དང་རྒྱ་ཡིག་ནང་དུས་ཀྱི་མཚོན་ཚུལ་ཅུང་སྟབས་བདེ་ཡིན། ཡང་བོད་ཡིག་ཁྲོད་ཀྱི་ཐ་སྙད་ཁ་ཤས་ལ་གོ་དོན་མང་པོ་ཡོད་པས་སྐབས་འགར་གསར་འགྱུར་རྩོམ་ཡིག་གི་གོ་དོན་རྟོགས་དཀའ་བར་འགྱུར། མ་ཟད་སྐད་རིགས་མི་འདྲ་བའི་ཚིག་གི་གྲུབ་ཚུལ་ཡང་མི་འདྲ་བས། ཡིག་སྒྱུར་བྱེད་སྐབས་ཐབས་ཤེས་འོས་འཚམ་སྤྱད་དེ། སྐད་ཡིག་ཁག་གི་བརྡ་སྤྲོད་ལུགས་དང་མཐུན་པར་བྱེད་དགོས།

    གསུམ་པ། གསར་འགྱུར་ཡིག་སྒྱུར་གྱི་འགྲན་སློང་ལ་ཁ་གཏད་འཇལ་ཐབས།

    (གཅིག)རིག་གནས་ཤེས་བྱ་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས།

    ལོ་ཙཱ་བས་ལོ་རྒྱུས་དང་། ཆོས་ལུགས། རིན་ཐང་ལྟ་བ་སོགས་མི་འདྲ་བའི་རྒྱལ་ཁབ་དང་མི་རིགས་གཞན་དག་གི་རིག་གནས་ཤེས་རྟོགས་གཏིང་ཟབ་བྱེད་དགོས། ཡིག་སྒྱུར་གྱི་བརྒྱུད་རིམ་ནང་། མཆན་འགྲེལ་དང་གསལ་འགྲེལ་སོགས་ཀྱི་ཐབས་ལ་བརྟེན་ནས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ནང་དོན་དམིགས་སུ་འདོན་ཆོག རྒྱུན་མཐོང་གི་རིག་གནས་ཐ་སྙད་དག་ལ། ཆེད་དམིགས་ཀྱི་རིག་གནས་ཐ་སྙད་མཛོད་བཙུགས་ཏེ། ཡིག་སྒྱུར་བྱེད་སྐབས་མགྱོགས་མྱུར་དང་ཡང་དག་པའི་སྒོ་ནས་འོས་འཚམ་གྱི་ཡིག་སྒྱུར་བྱེད་སྟངས་སྤྱོད་དགོས། དཔེར་ན། 日本“参赞”ལ་ནང་ཁུལ་གཅིག་གྱུར་དུ་རི་པིན་གྱི“ཚན་ཙན”ཞེས་སྒྲ་སྒྱུར་བྱེད་ཀྱི་ཡོད། “瑜伽”“Yoga”བོད་ཡིག་ཏུ“ཡོ་ག”ཞེས་སྒྲ་སྒྱུར་བྱེད་ཀྱི་ཡོད། “瑜伽师”ལ་བོད་ཡིག་དུ“རྣལ་འབྱོར་པ”ཞེས་དོན་སྒྱུར་བྱས་ཡོད།

    (གཉིས)སྐད་བརྡའི་ནུས་པ་དང་སྒྱུར་ཐབས་ལེགས་སུ་གཏོང་དགོས།

    ལོ་ཙཱ་བ་རྣམས་མ་ཡིག་དང་བུ་ཡིག་གི་གོམས་འདྲིས་དང་བརྡ་སྤྲོད། ཐ་སྙད། ཚིག་དོན་སོགས་ལ་བྱང་ཆུབ་པ་ཞིག་དགོས། དེ་དང་ཆབས་ཅིག་སྣོན་སྒྱུར་དང་། འཕྲི་སྒྱུར། སྒྲ་སྒྱུར། ཚིག་གོང་འོག་ཕྱིན་ཅི་བསློགས་ནས་བསྒྱུར་བ་སོགས་ཀྱི་སྒྱུར་ཐབས་སྣ་ཚོགས་ལའང་བྱང་ཆུབ་པ་དགོས། ཡི་གེ་མ་བསྒྱུར་སྔོན་དུ་མ་ཡིག་ལ་དབྱེ་ཞིབ་བྱས་ནས་འོས་ཤིང་འཚམ་པའི་སྒྱུར་ཐབས་དང་འགྱུར་ཡིག་གི་ཉམས་འགྱུར་གཏན་འཁེལ་བྱེད་དགོས། མ་ཡིག་དང་བུ་ཡིག་གི་བརྡ་སྤྲོད་གཞུང་ལུགས་ལ་ཁྱད་པར་ཅུང་ཆེ་ཙམ་ཡོད་ན། འོས་འཚམ་གྱི་སྒྱུར་ཐབས་སྤྱད་དེ་མ་ཡིག་གི་བསྟན་དོན་ལས་མ་འགལ་བ་བྱེད་དགོས།

    (གསུམ)ཡིག་སྒྱུར་མཉེན་ཆས་གང་ལེགས་སྤྱོད་ཤེས་པ་དགོས།

    སྔོན་ཐོན་གྱི་ཡིག་སྒྱུར་མཉེན་ཆས(机器翻译)གང་ལེགས་སྤྱད་དེ་ཡིག་སྒྱུར་གྱི་ལས་ཆོད་ཆེ་རུ་གཏོང་བ་དང་། མི་ཐབས་ཞུ་དག་ལ་ཤུགས་སྣོན་བརྒྱབ་སྟེ། སྒྱུར་ཡིག་གི་སྤུས་ཚད་མཐོ་རུ་གཏོང་དགོས། ལྷག་པར་དུ“汉藏术语查询”ལ་སོགས་པའི་མཉེན་ཆས་སྤྱད་དེ་མིང་ཚིག་གཅིག་གྱུར་ཡོང་ཐབས་བྱེད་དགོས། ཉེ་དུས་ཐོན་པའི“deepseek”སོགས་AIརིག་ནུས་མཉེན་ཆས་ཧུར་ཐག་སྤྱོད་པ་དང་རྒྱ་བོད་གསར་འགྱུར་ཡིག་སྒྱུར་ལས་རིམ་དང་ཟུང་འབྲེལ་ཇི་ལྟར་བྱེད་མིན་ལའང་བསམ་གཞིག་དང་ཚོད་ལྟ་བྱེད་དགོས།

    མཇུག་བསྡུའི་གཏམ།

    གསར་འགྱུར་ཡིག་སྒྱུར་ནི་རྙོག་འཛིང་ཆེ་ཞིང་གལ་འགངས་ཆེ་བའི་ལས་ཤིག་ཡིན་ལ། ཆ་འཕྲིན་ཁྱབ་སྤེལ་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། གསར་འགྱུར་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ནང་རིག་གནས་ཀྱི་ཁྱད་པར་དང་སྐད་བརྡའི་ཁྱད་པར་སོགས་ཀྱི་འགྲན་སློང་མང་པོ་ཞིག་འཕྲད་ངེས་རེད། དེ་བས་རིག་གནས་ཤེས་བྱ་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྐད་བརྡའི་ནུས་པ་དང་ཡིག་སྒྱུར་གྱི་ཐབས་ཤེས་མཐོ་རུ་གཏོང་བ། ཡིག་སྒྱུར་མཉེན་ཆས་གང་ལེགས་སྤྱོད་པ་སོགས་ཀྱི་ཐབས་ལམ་བརྒྱུད་འགྲན་སློང་དེ་དག་ལ་ཁ་གཏད་ནུས་ལྡན་བཅག་ནས། གསར་འགྱུར་ཡིག་སྒྱུར་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། མ་འོངས་ཀྱི་འཕེལ་རྒྱས་ཁྲོད་གོ་ལ་ཧྲིལ་པོ་ཅན་སྔར་བས་ཟབ་ཏུ་འགྲོ་བ་དང་། སྨྱན་སྦྱོར་གསར་པའི་ལག་རྩལ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ། མི་ཐབས་རིག་ནུས་སྔར་བས་འཕེལ་རྒྱས་འགྲོ་བ་སོགས་དང་བསྟུན་ནས། གསར་འགྱུར་ཡིག་སྒྱུར་ལ་གོ་སྐབས་དང་འགྲན་སློང་གསར་པ་དེ་བས་འཕྲད་ངེས་ཡིན་པས། ང་ཚོས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ཞིབ་འཇུག་བྱས་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་སྤེལ་བྱ་གཞག་ལ་ཞབས་འདེགས་དེ་བས་ལེགས་པར་ཞུ་དགོས།

    གཞན་ཡང་། གསར་འགྱུར་ཡིག་སྒྱུར་རིང་འབྲེལ་ཡོད་ཀྱི་རིག་ཚན་སྐད་བརྡ་རིག་པ་དང་། ཁྱབ་སྤེལ་རིག་པ། རྒྱལ་སྤྱིའི་འབྲེལ་བ་རིག་པ། མི་ཐབས་རིག་ནུས་སོགས་དང་མཉམ་འདྲེས་བྱས་ཏེ། རིག་ཚན་མང་པོའི་ཕྱོགས་ནས་གསར་འགྱུར་ཡིག་སྒྱུར་ཁྲོད་ཐོན་པའི་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་དགོས། དེ་ལྟར་བྱས་ཚེ། གསར་འགྱུར་ཡིག་སྒྱུར་ལས་སྔར་བས་ཡང་དག་དང་ཕན་ཆེའི་ཐོག་ནས་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བའི་དབར་གྱི་ཤེས་རྟོགས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་ཐུབ།

    (བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱི་ལྷ་དབང་ཚེ་འཕེལ)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།