“སྨན་བཅོས་འགན་བཅོལ་དངུལ་ཁུག”ནས་ནང་མིའི་སྨན་རིན་སྤྲོད་ཐུབ་པ།
“དཔེ་ཡག་པོ་འདུག ང་ལྷ་སར་ལས་ཀར་ཡོད་ཀྱང་། ངའི་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲ་ནས་ངའི་ནང་མིའི་སྨན་རིན་རྩིས་རྒྱག་ཐུབ་ཀྱི་འདུག” སི་ཁྲོན་ཞིང་ཆེན་ཏེ་དབྱང་གྲོང་ཁྱེར་དུ་ཡོད་པའི་སྐུ་ཞབས་ཀྲང་ལགས་ཀྱི་ཕ་མའི་སྨན་རིན་དེ། ཁོང་གིས་རང་ཉིད་ཀྱི“སྨན་བཅོས་འགན་བཅོལ་དངུལ་ཁུག”སྤྱད་ནས་སྤྲད་པས། དུས་ཐུང་སྐར་ཆ་20ཙམ་གྱི་ནང་མི་སྒེར་གྱི་རྩིས་ཁྲའི་ནང་གི་སྒོར་1000འཕྲལ་མ་ཉིད་དུ་ཞིང་ཆེན་བརྒལ་ནས་པ་ཕའི་སྨན་རིན་ལ་བཏང་ཐུབ་པ་རེད། བྱེད་ནུས་སྟབས་བདེ་པོ་དེར་སྐུ་ཞབས་ཀྲང་ལགས་བློ་ཡིད་ཧ་ཅང་ཚིམ་པོ་བྱུང་བ་རེད།
རང་སྐྱོང་ལྗོངས་སྨན་བཅོས་འགན་བཅོལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། འགན་བཅོལ་ནང་ཞུགས་མཁན་དང་དེའི་གཉེན་ཉེས་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས་ཀྱི་APPནས“སྨན་བཅོས་འགན་བཅོལ་དངུལ་ཁུག”གི་བྱེད་ནུས་བསླངས་ཏེ་དངུལ་བསྒྱུར་བའི་རེ་འདུན་ཞུས་ན། དངུལ་བསྒྱུར་ཡུལ་ནང་མིའི“སྨན་བཅོས་འགན་བཅོལ་དངུལ་ཁུག”གི་བྱེད་ནུས་བསླངས་ཡོད་ཚེ། དངུལ་སྒྱུར་མཁན་མི་སྒེར་གྱི་རྩིས་ཁྲའི་དངུལ་འཕྲལ་མར་ཕ་རོལ་ལ་བསྒྱུར་ཐུབ་པ་མ་ཟད། འགྲོ་ལུགས་གཉེར་བར་རིན་པ་དགོས་ཀྱི་མེད། གྲོང་ཁྱེར་གཅིག་ཏུ་ཡོད་པའམ་ཡང་ན་གྲོང་ཁྱེར་དང་ཞིང་ཆེན་གཞན་གང་དུ་ཡོད་ཀྱང་། དངུལ་སྒྱུར་མཁན་དང་བསྒྱུར་ཡུལ་ས་ཁུལ་གཉིས་ཀས“སྨན་བཅོས་འགན་བཅོལ་དངུལ་ཁུག”གི་བྱེད་ནུས་ཤར་གཏོང་བྱས་ཡོད་པ་མ་ཟད། དོ་བདག་དབར་ནང་མིའི་འབྲེལ་བ་ཡིན་ཚེ་དངུལ་བདེ་བླག་ཏུ་སྒྱུར་ཐུབ་པས། ནང་མིའི་སྨན་རིན་གྱི་ཁུར་པོ་ཡང་དུ་འགྲོ་ཐུབ། གཞན་ཡང་། དངུལ་བསྒྱུར་བར་ལས་བཟོའམ་ཡང་ན་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཐོབ་ཐང་གི་ཚད་བཀག་མེད་ཅིང་། ལས་བཟོ་དང་གྲོང་མི་འགན་བཅོལ་ནང་ཞུགས་མཁན་གྱི“སྨན་བཅོས་འགན་བཅོལ་དངུལ་ཁུག”གིས་ཕན་ཚུན་དངུལ་སྒྱུར་ཆོག་གི་ཡོད། དེས་མང་ཚོགས་ཀྱི་སྨན་བཅོས་ཀྱི་ཁུར་པོ་སྔར་བས་ཡང་དུ་གཏོང་ཐུབ་ཅེས་ངོ་སྤྲོད་བྱས་པ་རེད།
“སྨན་བཅོས་འགན་བཅོལ་དངུལ་ཁུག”གི་སྤྱོད་ནུས་སྔར་བས་ཆེ་རུ་གཏོང་ཆེད། རང་སྐྱོང་ལྗོངས་སྨན་བཅོས་འགན་བཅོལ་ཅུས་ཀྱིས་གནད་དོན་ཚུར་ལན་ལས་དོན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། ཕྱོགས་གཅིག་ནས་བོད་ཀྱི་རིམ་ཁག་སྨན་བཅོས་འགན་བཅོལ་གཉེར་སྒྲུབ་སྐར་ཁུང་གི་ནུས་པ་གང་ལེགས་བཏོན་ནས་ལས་དོན་པར“སྨན་བཅོས་འགན་བཅོལ་དངུལ་ཁུག”སྤྱོད་རིང་། མང་ཚོགས་ལ་འཕྲད་པའི་དཀའ་གནད་ལ་དོ་ཁུར་ཆེན་པོ་བྱས་ཏེ། དུས་ཐོག་ཏུ་ཐོ་འགོད་དང་གོང་ཞུ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ཕྱོགས་གཞན་ཞིག་ནས“བོད་ལྗོངས་སྨན་བཅོས་འགན་བཅོལ”གྱི་སྐད་འཕྲིན་བྱ་རིམ་ཆུང་ངུ་བརྒྱུད། དྲ་ཐོག་ནས་འགག་གནད་དང་གནད་དོན་བསྡུ་རུབ་བྱས་ཏེ། མང་ཚོགས་ཀྱིས་བཏོན་པའི་གནད་དོན་འཕྲལ་མར་ཐག་གཅོད་ཐུབ་པར་བྱས་པས་ལེགས་གྲུབ་ཐུབ་ཚད་100%ཟིན་ཡོད།