རང་ལྗོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)16ལ་རྒྱལ་ཁབ་ཀྱི་རྫོང་ཁོངས་སློབ་ཞུགས་གོང་གི་སློབ་གསོ་ཡོངས་ཁྱབ་དང་ཀུན་ཕན་གྱི་ཁས་ལེན་ཐོབ་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། 2025ལོའི་དུས་ཚིགས་དང་པོར་རྫོང་རིམ་པའི་རང་ངོས་དཔྱད་འདེམས་དང་། གྲོང་ཁྱེར་རིམ་པའི་ཐོག་མའི་ཞིབ་བཤེར། ཞིང་ཆེན་རིམ་པའི་དཔྱད་དཔོག རྒྱལ་ཁབ་ཀྱི་ཁས་ལེན་སོགས་གོ་རིམ་བརྒྱུད། རང་ལྗོངས་ཀྱི་ལྷུན་གྲུབ་རྫོང་སོགས་རྫོང(གྲོང་ཁྱེར་དང་ཆུས)16ལ་རྒྱལ་ཁབ་ཀྱི་རྫོང་ཁོངས་སློབ་ཞུགས་གོང་གི་སློབ་གསོ་ཡོངས་ཁྱབ་དང་ཀུན་ཕན་གྱི་ཁས་ལེན་ཐོབ་ཡོད། མིག་སྔའི་བར། རང་ལྗོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)བསྡོམས་19ལ་རྒྱལ་ཁབ་ཀྱི་རྫོང་ཁོངས་སློབ་ཞུགས་གོང་གི་སློབ་གསོ་ཡོངས་ཁྱབ་དང་ཀུན་ཕན་གྱི་ཁས་ལེན་ཐོབ་ཡོད།
“ད་ཐེངས་རྫོང(གྲོང་ཁྱེར་དང་ཆུས)16ལ་ཁས་ལེན་ཐོབ་པ་དེ་ཐོག་ནས་ལྗོངས་ཡོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་དེ‘བུ་བཅོལ་ཁང་དུ་འགྲོ་ས་ཡོད་པ’ནས‘བུ་བཅོལ་ཁང་ཡག་པོར་འགྲོ་ས་ཡོད་པའི’བར་གོམ་པ་ཆེན་པོ་ཞིག་སྤོས་པ་མཚོན་གྱི་ཡོད” ལྗོངས་སློབ་གསོ་ཐིང་གི་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་ལྗོངས་སློབ་གསོ་ཐིང་གིས་སློབ་ཞུགས་གོང་གི་སློབ་གསོའི་ལས་དོན་སྐོར་གྱི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། 《རྫོང་ཁོངས་སློབ་ཞུགས་གོང་གི་སློབ་གསོ་ཡོངས་ཁྱབ་དང་ཀུན་ཕན་གྱི་ལྟ་སྐུལ་མཛུབ་ཁྲིད་དཔྱད་དཔོག་བྱེད་ཐབས》ནང་གཏན་འབེབས་བྱས་པའི་དཔྱད་དཔོག་ཚད་གཞི་གཞིར་བཟུང་སྟེ། ཡོངས་ཁྱབ་དང་ཀུན་ཕན་དང་བདེ་འཇགས་སྤུས་ལེགས་དམིགས་ཚད་དུ་བྱས་ནས་བུ་བཅོལ་ཁང་གཉེར་བའི་ཆ་རྐྱེན་མུ་མཐུད་ལེགས་སུ་གཏོང་བ་དང་། བྱིས་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་བ། སློབ་ཞུགས་གོང་གི་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་དཔྱད་དཔོག་ལས་དོན་བརྟན་པོའི་ངང་སྤེལ་བ་བཅས་བྱས་ཏེ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་པར་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་ཞེས་བཤད།