སྨན་བཅོས་འགན་བཅོལ་སྐོར་གྱི་གཏམ་བཟང་།
ཉེ་ཆར། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་དང་ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་མཉམ་དུ་བཙུགས་པའི“སྨན་བཅོས་འགན་བཅོལ་གྱི་ལས་སྒོ་ཚབ་སྒྲུབ་ཀྱི་ཞབས་ཞུའི་ས་ཚིགས”6གི་སྒོ་བྱང་དངོས་སུ་བཀལ་བ་དེ་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི“སྨན་བཅོས་འགན་བཅོལ་དང་དངུལ་ཁང་མཉམ་ལས”བྱེད་པ་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།
འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱིས“སྨན་བཅོས་འགན་བཅོལ་གྱི་ལས་སྒོ་ཚབ་སྒྲུབ་ཀྱི་ཞབས་ཞུའི་ས་ཚིགས”ནས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་དང་། སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་འདྲི་རྩད། སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་ཡིག་བཟོ་རོགས་བྱེད་པ་སོགས་ཀྱི་ལས་སྒོ་ཁག་14གཅིག་འཐུས་རྣམ་པའི་ཐོག་ནས་སྒྲུབ་ཆོག་པས། གཞི་རིམ་གྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེས་ཆེར་ཕྱིན་ཏེ་ལས་སྒོ་སྒྲུབ་ས་གཅིག་ནས་དོན་དག་མང་པོ་སྒྲུབ་ཐུབ་ཀྱི་ཡོད་པ་རེད།
མིག་སྔར། ལྷ་ས་གྲོང་ཁྱེར་དུ་སྨན་བཅོས་འགན་བཅོལ་གྱི་ལས་སྒོ་ཚབ་སྒྲུབ་ཀྱི་ཞབས་ཞུའི་ས་ཚིགས9བཙུགས་ཡོད་པ་སྟེ། བོད་ལྗོངས་དངུལ་ཁང་རྔ་ཆེན་ལམ་ཉིང་ལག་དངུལ་ཁང་དང་། ཞིང་ལས་དངུལ་ཁང་མཁར་རྔ་གདོང་ལམ་ཉིང་ལག་དངུལ་ཁང་གི་ལས་གཉེར་ཁང་། ཞིང་ལས་དངུལ་ཁང་གྲོང་བྱང་ཉིང་ལག་དངུལ་ཁང་གི་ལས་གཉེར་ཁང་། ཞིང་ལས་དངུལ་ཁང་ཁྲེང་ཀོན་ཆུས་ཉིང་ལག་དངུལ་ཁང་གི་ལས་གཉེར་ཁང་། ཞིང་ལས་དངུལ་ཁང་གྲོང་ནུབ་ཉིང་ལག་དངུལ་ཁང་གི་ལས་གཉེར་ཁང་། ཞིང་ལས་དངུལ་ཁང་དཔལ་འབྱོར་གསར་སྤེལ་ཁུལ་ཉིང་ལག་དངུལ་ཁང་གི་ལས་གཉེར་ཁང་། ཞིང་ལས་དངུལ་ཁང་སྣེའུ་ཉིང་ལག་དངུལ་ཁང་གི་ལས་གཉེར་ཁང་། ཀྲུང་གོ་མི་དམངས་རྒྱུ་ནོར་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སི་ལྷ་ས་གྲོང་ཁྱེར་ཡན་ལག་ཀུང་སི། ཀྲུང་གོ་མི་སྲོག་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སི་བོད་རང་སྐྱོང་ལྗོངས་ཡན་ལག་ཀུང་སི་བཅས་ཡིན་པ་དང་། མང་ཚོགས་12000ལྷག་ཙམ་ལ་ཕན་པ་ཐོབ་ནས་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།